ལྷ་སའི་སྤྱི་བདེས“དབྱར་དུས་བྱ་སྤྱོད”ནུས་ཤུགས་ཡོད་རྒུས་སྤེལ་བ།
འདི་ནི་ཉེན་རྟོག་ཕྱོགས་ཀྱིས་བཟུང་བའི“གཅེར་མོལ”ཁ་བསླུས་རྒྱག་མཁན་ཉེས་གསོག་དོགས་ཅན་ཡིན་པ།
འདི་ནི་ཉེས་གསོག་དོགས་ཅན་བཀྲ་ཆེ་གེ་མོས་རྐུ་མ་རྒྱག་ས་སྟོན་བཞིན་པ།
ཟླ་6ཚེས་25ཉིན། སྤྱི་བདེ་པུས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དབྱར་དུས་བདེ་འཇགས་ཀྱི་རྡུང་རྡེག་བཅོས་སྒྲིག་གི“ཉིན་བརྒྱའི་བྱ་སྤྱོད”བཀོད་སྒྲིག་བྱས་ནས་མངོན་གསལ་དོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་གནད་དོན་བཅོས་སྒྲིག་ཤུགས་ཆེན་བྱེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་སེལ་བ་བཅས་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་དང་མི་དམངས་ཀྱི་བདེ་འཇགས་མཐའ་གཅིག་ཏུ་འགན་ལེན་བྱས་པ་རེད། “དབྱར་དུས་བྱ་སྤྱོད”སྤེལ་ཚུན། ལྷ་ས་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པ་ཡོངས་སྐུལ་སློང་དང་ནུས་ཤུགས་ཡོད་རྒུ་བཏོན་ཏེ་རྡུང་རྡེག་དང་། སྔོན་འགོག དོ་དམ། བཅོས་སྐྱོང་བཅས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་དབྱར་དུས་ཀྱི་བདེ་འཇགས་བཅོས་སྒྲིག་གི་ཁྱད་ཆོས་ལ་དམིགས་ནས་རྡུང་རྡེག་དང་བཅོས་སྒྲིག་གི་ཚ་རླབས་ཤིག་འཕྱུར་བར་བྱས་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱིས་དུས་བདེར་འཛིན་པའི་རེ་སྒུག་གསར་པ་དང་བླང་བྱ་གསར་པར་ལན་བཏབ་པ་རེད།
ལྷ་སའི་སྤྱི་བདེས་གློག་སྒུལ་སྦག་སྦག་རྐུ་མཁན་དོགས་ཡོད་ཉེས་ཅན་མང་པོ་བཟུང་བ།
ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱི་མི་དམངས་ཉེན་རྟོག་པས་བྲོས་ཤུལ་ལ་གཞིགས་ནས་རྗེས་འདེད་བཏང་བ་བརྒྱུད་གློག་སྒུལ་སྦག་སྦག་ཐེངས་མང་བརྐུས་པའི་དོགས་པ་ཡོད་མཁན་མང་པོ་ཞིག་བདེ་བླག་ངང་བཟུང་ནས་མང་ཚོགས་ལ་གྱོང་གུན་མི་ཕོག་པ་བྱས་པ་རེད།
ཟླ་6པར་རྔ་ཆེན་མངགས་གཏོང་ཁང་གི་གྱོད་སྒྲུབ་རུ་ཁག་ལ་གློག་སྒུལ་སྦག་སྦག་བརྐུས་པའི་སྙན་སེང་ཐེངས་མང་འབྱོར། འདྲི་རྩད་ཞིབ་ཕྲ་དང་བརྟག་དཔྱད་གཏིང་ཟབ་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ནོར་ཆེ་གེ་མོར་དོགས་པ་ཆེན་པོ་སྐྱེས་ནས་འཕྲལ་མར་ཁོ་པ་བཟུང་བའི་བྱ་སྤྱོད་སྤེལ། ཟླ་6ཚེས་30ཉིན་རྫོང་རྒྱབ་ཀླུ་ཁང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་ནོར་ཆེ་གེ་མོ་བཟུང་ནས་རྔ་ཆེན་མངགས་གཏོང་ཁང་ལ་རྩིས་སྤྲད། ནོར་ཆེ་གེ་མོས་བཤད་པའི་ཁུངས་སྣེར་གཞིགས་ནས་མི་དམངས་ཉེན་རྟོག་པས་ཉིན་དེ་རང་དུ་ཁོ་པའི་ངན་རོགས་སྐར་ཆེ་གེ་མོ་ཡང་བཟུང་བ་རེད།
ནོར་ཆེ་གེ་མོ་དང་སྐར་ཆེ་གེ་མོས་ངོས་ལེན་ཞུས་པར་གཞིགས་ན། ཟླ་6ཚེས་1ཉིན་དགའ་སྐྱིད་གླིང་སྡེ་ཁུལ་གསུམ་པ་ནས་གློག་སྒུལ་སྦག་སྦག་གཉིས་བརྐུས་པ་དང་། ཟླ་6ཚེས་3ཉིན་ཁོ་གཉིས་དང་ངན་རོགས་སྐལ་ཆེ་གེ་མོས་དགའ་སྐྱིད་གླིང་སྡེ་ཁུལ་དྲུག་པ་ནས་གློག་སྒུལ་སྦག་སྦག་གཅིག་བརྐུས་པ་རེད། མིག་སྔར་གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད།
ཟླ་7ཚེས་1ཉིན་རྔ་ཆེན་མངགས་གཏོང་ཁང་གི་གྱོད་སྒྲུབ་རུ་ཁག་གིས་རྐུ་རྒྱག་གི་ཉེས་གསོག་དོགས་ཅན་2བཟུང་ནས་རྐུ་རྒྱག་གི་མུ་འབྲེལ་གྱོད་གཞི་ཁག་3བསྟུད་མར་རྩད་ཆོད་པ་རེད། མི་དམངས་ཉེན་རྟོག་པས་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་6ཚེས་29ཉིན་ཚེ་ཆེ་གེ་མོ་དང་འཇིགས་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་པེ་ཅིང་དཀྱིལ་ལམ་རྨེ་རུ་དགོན་པའི་ཁ་སྤྲོད་ནས་གློག་སྒུལ་སྦག་སྦག་གཅིག་བརྐུས་པ་དང་། ཟླ་6ཚེས་30ཉིན་ཚེ་གེ་མོ་དང་འཇིགས་ཆེ་གེ་མོས་བརྐུས་པའི་གློག་སྒུལ་སྦག་སྦག་བཞོན་ནས་པི་ཀུའེ་ཡོན་སྡེ་ཁུལ་གྱི་ནུབ་འདབས་ཀྱི་སྡོད་ཁང་ཞིག་ནས་དངུལ་སྨར་སྒོར་600ལྷག་ཙམ་བརྐུས་པ་རེད། ཟླ་6ཚེས་30ཉིན་གྱི་ཆུ་ཚོད་12དང་སྐར་མ་30ཙམ་ལ་ཚེ་གེ་མོ་དང་འཇིགས་ཆེ་གེ་མོས་བརྐུས་པའི་གློག་སྒུལ་སྦག་སྦག་བཞོན་ཏེ་ཁང་གླ་ཁེ་བའི་སྡོད་ཁང་གི་སྟར་པ་5པའི་ཁང་ཚན་12པའི་འགྲམ་དུ་བཞག་པའི་གློག་སྒུལ་སྦག་སྦག་གཅིག་བརྐུས་པ་རེད། རྔ་ཆེན་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཟླ་7ཚེས་1ཉིན་གྱི་ཆུ་ཚོད་0ཙམ་ལ་སཱ་པོ་གྲངས་འཛིན་ཐང་ཆེན་ཉེ་འགྲམ་ནས་ཚེ་ཆེ་གེ་མོ་དང་འཇིགས་ཆེ་གེ་མོ་བཟུང་ཞིང་། བརྐུས་པའི་གློག་སྒུལ་སྦག་སྦག་གཉིས་ཚུར་བླངས་ཡོད། མིག་སྔར། གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད།
བདེ་སྲུང་བ་ཞིག་གིས་སྒོར་ཁྲི་50ལྷག་རི་བའི་ཨར་ལས་རྒྱུ་ཆ་བརྐུས་ནས་བཙོངས་པ།
ཉེ་ཆར་སྣེའུ་ཁུལ་གསར་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་རུ་ཆེན་ལྔ་པའི་སྤྱི་བདེ་ཡན་ལག་ཅུས་ཀྱི་ཉེས་དོན་གྱོད་སྒྲུབ་ཉེན་རྟོག་པར་ཁོངས་གཏོགས་དོ་དམ་ཨུ་ལྷན་གྱི་སྡེ་ལས་ལས་དོན་པ་ཞུས་ལགས་ཀྱི་སྙན་སེང་འབྱོར་བ་སྟེ། དོ་དམ་ཨུ་ལྷན་གྱི་སྒོ་རའི་ནང་བཞག་པའི་སྒོར་ཁྲི་50ལྷག་ཙམ་རི་བའི་འོད་ཤུགས་ཤེལ་ལེབ་དང་གློག་རྫས་སོགས་གློག་ཤུགས་ཀྱི་ཨར་ལས་རྒྱུ་ཆ་བརྐུས་འདུག་ཅེས་བཤད།
ཉེས་དོན་སྙན་སེང་འབྱོར་མ་ཐག་མྱུལ་ཞིབ་པས་ས་ཡུལ་དངོས་སུ་བརྟག་དཔྱད་དང་དཔང་རྟགས་འཚོལ་བར་བསྐྱོད། བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། དངོས་རྫས་དེ་དག་མི་གཞན་གྱིས་ཕི་ཁ་རྟགས་ཅན་གྱི་རླངས་འཁོར་ཞིག་ནང་བླུགས་ནས་དབོར་བ་ཤེས། ཁུངས་སྣེ་རྙེད་རྗེས་མྱུལ་ཞིབ་པས་འཕྲལ་མར་དོགས་ཡོད་རླངས་འཁོར་གཏན་འཁེལ་བྱས་པ་མ་ཟད་ཁ་ལོ་བ་དང་འབྲེལ་བ་ཡང་བྱས། འདྲི་རྩད་བྱས་པ་བརྒྱུད། ཁ་ལོ་བ་དེས་དབོར་བའི་གློག་ཤུགས་ཀྱི་ཨར་ལས་རྒྱུ་ཆ་དེ་དག་དོ་དམ་ཨུ་ལྷན་དེའི་བདེ་སྲུང་བ་བཀྲ་ཆེ་གེ་མོས་བཙོངས་པ་ཤེས་འཕྲལ་མྱུལ་ཞིབ་པས་ལས་ཀ་བྱེད་བཞིན་པའི་བཀྲ་ཆེ་གེ་མོ་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་ཁྲིད་ནས་འདྲི་རྩད་བྱས།
ཤེས་རྟོཌ་བྱུང་བར་གཞིཌ་ན། བཀྲ་ཆེ་གེ་མོས་ལས་ཀ་བྱེད་སྐབས་དོ་དམ་ཨུ་ལྷན་གྱི་མཛོད་ཁང་ནང་གློག་ཤུགས་ཀྱི་ཨར་ལས་རྒྱུ་ཆ་ཁག་གཅིག་བཞག་ཡོད་པ་ཤེས་རྗེས་མ་སྦྱིན་པར་ལེན་པའི་བསམ་ངན་བཅངས།
དེ་ཡང་། ཟླ་4ཚེས་8ནས་ཟླ་5ཚེས་25ཉིན་བར། བཀྲ་ཆེ་གེ་མོས་ཟོག་རོ་ཉོ་མཁན་ལ་ཁ་པར་ཐེངས་མང་བརྒྱབ་ནས་མཛོད་ཁང་ནང་གི་འོད་ཤུགས་ཤེལ་ལེབ་དང་། གློག་བགོས་སྒམ། གློག་རྫས་55སོགས་གློག་ཤུགས་ཀྱི་ཨར་ལས་རྒྱུ་ཆ་ཚང་མར་ཁྱོན་བསྡོམས་སྒོར་2000བྱས་ཏེ་བཙོངས་པ་མ་ཟད། དངུལ་དེ་དག་ད་ལྟ་བེད་སྤྱོད་བྱས་ཟིན་པ་རེད།
འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་བཀྲ་ཆེ་གེ་མོས་རང་ཉིད་ཀྱིས་རྐུ་བརྒྱབ་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས། མིག་སྔར་ཉེས་གསོག་དོགས་ཅན་བཀྲ་ཆེ་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་མ་ཟད། གློག་བགོས་སྒམ་དང་། དེ་བཞིན་གློག་སྒྲོམ་སོགས་རྐུས་དངོས་ཁག་གཅིག་ཚུར་བླངས་པ་དང་། གྱོད་གཞི་འདི་སྔར་བས་མྱུལ་ཞིབ་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།
ལྷ་སའི་སྤྱི་བདེས“གཅེར་མོལ”ཁ་བསླུས་རྒྱག་མཁན་7བཟུང་བ།
ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་མྱུལ་ཞིབ་རུ་ཆེན་ལ་ཅང་སུའུ་ཞིང་ཆེན་ཉེན་རྟོག་ཕྱོགས་ཀྱི་གྱོད་སྒྲུབ་མཉམ་ལས་བྱ་རྒྱུའི་རེ་ཞུ་འབྱོར་བ་སྟེ། ཁོ་ཚོས་མྱུལ་ཞིབ་བྱས་པའི་གཅེར་མོལ་གཡོ་ལེན་གྱི་གནོད་འཚེ་ཕོག་པའི་ལིའུ་ཆེ་གེ་མོའི་གྱོད་གཞིའི་ཉེས་གསོག་དོགས་ཅན་ཉེ་དུས་ལྷ་ས་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཉེས་གསོག་བྱ་སྤྱོད་སྤེལ་བཞིན་ཡོད་པས་འཛིན་བཟུང་བྱེད་པར་གཞོགས་འདེགས་བྱ་རྒྱུའི་རེ་བ་བཏོན་པ་རེད།
གྱོད་གཞི་སྒྲུབ་གཉེར་གྱི་མཐུན་སྦྱོར་ཡི་གེ་འབྱོར་མ་ཐག་སྒྲིག་འཛུགས་ཡོད་པའི་ཉེས་གསོག་མྱུལ་ཞིབ་རུ་ཆེན་གྱིས་ཉེན་རྟོག་དམག་ཧྲག་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་ལས་དོན་སྤེལ་འགོ་ཚུགས། བཅར་འདྲི་དང་གྲལ་བཤེར་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་ཟླ་ཆེ་གེ་མོ་དང་། ཀུན་ཆེ་གེ་མོ། བསྟན་ཆེ་གེ་མོ། ཁྲ་ཆེ་གེ་མོ་བཅས་ཀྱི་བྱ་སྤྱོད་སྤེལ་ཤུལ་ཤེས་རྟོགས་བྱུང་ཡོད། བཀོད་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད་མཐར་ལྷ་ས་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ནས་ཉེས་གསོག་དོགས་ཅན་4བཟུང་བ་དང་འབྲེལ་མི་དེ་དག་གིས་ངོས་ལེན་ཞུས་པ་ལྟར་ཉིན་དེར་གྱོད་སྒྲུབ་མི་སྣས་ལྷ་ས་གྲོང་ཁྱེར་བདེ་སྐྱིད་ལམ་ནས་ཁོ་ཚོའི་འགོ་པ་ལིང་ཆེ་གེ་མོ་དང་། ལིའུ་ཆེ་གེ་མོ། ཀྲུའུ་ཆེ་གེ་མོ་བཅས་བཟུང་བ་རེད།
མིག་སྔར་ཉེས་གསོག་དོགས་ཅན་ཟླ་ཆེ་གེ་མོ་དང་། ཀུན་ཆེ་གེ་མོ། བསྟན་ཆེ་གེ་མོ། ཁྲ་ཆེ་གེ་མོ། ལིང་ཆེ་གེ་མོ། ལིའུ་ཆེ་གེ་མོ། ཀྲུའུ་ཆེ་གེ་མོ་བཅས་ཅང་སུའུ་ཞིང་ཆེན་ཉེན་རྟོག་ཕྱོགས་ལ་རྩིས་སྤྲད་ནས་ཐག་གཅོད་ཞིབ་ཚགས་བྱ་རྒྱུ་རེད།