མི་དམངས་ཉེན་རྟོག་པའི་སྒྲོག་འགྲེལ་ལ་དགེ་སློབ་ཚོས་ནན་ཏན་ངང་ཉན་པ།
ཉེ་ཆར། ལྗོངས་སྤྱི་བདེ་ཐིང་དཔལ་འབྱོར་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ལྷ་ས་སློབ་འབྲིང་དུ་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ལ་དོགས་ཟོན་བྱེད་དགོས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། ལྷ་ས་སློབ་འབྲིང་གི་དགེ་སློབ་2000ཙམ་གྱིས་ས་གནས་ས་ཐོག་གི་སྒྲོག་འགྲེལ་ལ་ནན་ཏན་ཉན་པ་རེད།
བྱེད་སྒོའི་རིང་། མི་དམངས་ཉེན་རྟོག་པས་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་དང་། ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ཀྱི་གཞི་རྩའི་ཁྱད་ཆོས། ཁྲིམས་ལས་འགལ་ཏེ་མ་རྩ་བསྡུ་རུབ་བྱས་པའི་གནོད་འཚེ་ཞེས་པ་གང་ལ་ཟེར་བ་དང་། ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ལ་ཕྱོགས་བཞིའི་ཐད་ནས་ཐག་གཅོད་བྱེད་ལུགས་སྐོར་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་འགྲེལ་བཤད་བརྒྱབ་པས། དགེ་སློབ་ཚོས་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ཀྱི་གནོད་ཚབས་ལ་ལྟ་སྟངས་ཡང་དག་པ་བྱུང་ནས་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ལ་དོགས་ཟོན་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་དང་ཉེན་ཁ་དབྱེ་འབྱེད་ཀྱི་ནུས་པ་ཆེ་རུ་ཕྱིན་ཏེ། ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་རིང་དུ་སྤོང་བ་དང་འགོག་ཐུབ་པ་བྱུང་ཡོད། རྒྱ་ཆེའི་དགེ་སློབ་ཚོས་སླད་ཕྱིན་དོགས་ཟོན་ཆེར་བསྐྱེད་ཀྱིས་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ལ་ཡིད་ཆེས་མི་བྱེད་པ་དང་། རང་ཉིད་ཀྱི་རྩིས་ཁྲ་གཞན་ལ་མི་ཤོད་པ། དངུལ་མི་གཏོང་བ་བཅས་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།