རང་རྒྱལ་གྱི་རྨོ་ཞིང་སྲུང་སྐྱོང་གི་དཔྱད་ཞིབ་དང་འབྲུ་རིགས་བདེ་འཇགས་ཀྱི་དཔྱད་ཞིབ་གཉིས་ཟླ་སྒྲིལ་གཏོང་རྒྱུ་ཡིན་པ།
ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། རང་རྒྱལ་གྱིས་རྨོ་ཞིང་སྲུང་སྐྱོང་གི་དཔྱད་ཞིབ་དང་འབྲུ་རིགས་བདེ་འཇགས་ཀྱི་དཔྱད་ཞིབ་གཉིས་ཟླ་སྒྲིལ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། མིག་སྔར་རང་བྱུང་ཐོན་ཁུངས་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་འགན་འཁྲིའི་ཡི་གེ་འཇོག་བཞིན་ཡོད་པ་རེད།
ཉེ་དུས། རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་གཞོན་པ་ལིའུ་གོ་ཧུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི“དབང་གྲགས་སྡེ་ཚན་གྱིས་གཏམ་གླེང་བྱེད་པའི”བརྗོད་དོན་གཙོ་བོའི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་ལྟ་བུ་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྩ་བ་ཡིན། རྨོ་ཞིང་སྲུང་སྐྱོང་བྱེད་པའི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་གི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་ནི་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་སྲུང་བའི་འགག་རྩ་རེད། ན་ནིང་ནས་བཟུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་རང་བྱུང་ཐོན་ཁུངས་པུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་དང་གཞོགས་འདེགས་བྱས་ནས། རྨོ་ཞིང་སྲུང་སྐྱོང་གི་དཔྱད་ཞིབ་དང་འབྲུ་རིགས་བདེ་འཇགས་ཀྱི་དཔྱད་ཞིབ་གཉིས་ཟླ་སྒྲིལ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་ཡོད། འདི་ལོའི་ལོ་འགོར་ཀྲུང་དབྱང་གིས་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་དཔྱད་ཞིབ་བྱ་ཐབས་བཀྲམ་ནས་དཔྱད་ཞིབ་བྱ་ཡུལ་དང་། དཔྱད་ཞིབ་ཀྱི་ནང་དོན། དཔྱད་ཞིབ་ཀྱི་གོ་རིམ། དཔྱད་ཞིབ་བྱས་འབྲས་སྤྱོད་པ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་གཏན་འབེབས་བྱས་པ་དང་འབྲེལ། དཔྱད་ཞིབ་ལས་དོན་ཧྲིལ་པོའི་ལམ་ལུགས་ཀྱི་སྒྲོམ་གཞི་གཞི་རྩའི་ཆ་ནས་གྲུབ་ཡོད་ཅེས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རང་བྱུང་ཐོན་ཁུངས་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲིའི་ཡི་གེ་བཞག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རྨོ་ཞིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་པའི་ཁས་ལེན་བྱས་ཡོད། གོམ་སྟབས་རྗེས་མར་དཔྱད་ཞིབ་ལས་དོན་གྱི་སྒྲིག་སྲོལ་དང་དཔྱད་ཞིབ་སྐར་གྲངས་དཔྱད་བསྡུར་གྱི་ཞིབ་སྲོལ་སོགས་ལེ་ལག་ཚང་བའི་ལམ་ལུགས་གང་མགྱོགས་བཟོས་ནས་དཔྱད་ཞིབ་བྱེད་ཐབས་འཕྲལ་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོང་གི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ཚེ་གང་འགན་འཁྲི་བདའ་འདེད་ཀྱི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་པ། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་བརྟན་སྲུང་བཅས་བྱས་ནས་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་ཐུབ་པ་བྱ་རྒྱུ་རེད།