དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་མཚོ་མོ་ངང་ལྷ་རིང་མོའི་མཐའ་མཚམས་མངགས་གཏོང་ཁང་།

    མཚོ་མོ་ངང་ལྷ་རིང་མོའི་འགྲམ་གྱི་མཐའ་སྲུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    འདི་ནི་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་མཚོ་མོ་ངང་ལྷ་རིང་མོའི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མཚོ་འགྲམ་དུ་སྐོར་གཡེང་བྱེད་བཞིན་པ།

    ས་བབ་མཐོ་ཚད་སྨི་4300ལྷག་ཙམ་ཟིན་པའི་མཚོ་མོ་ངང་ལྷ་རིང་མོ་ནི་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་གནས་ཤིང་། དེ་ནི་ས་མཐོའི་སྐམ་སའི་མཚོའི་དཔེ་མཚོན་ཞིག་རེད། དེ་གའི་ཡུལ་ལྗོངས་ཧ་ཅང་ལྟ་ན་སྡུག་ཅིང་། སྔོ་བསངས་ནམ་མཁའི་འོག་མཚོའི་ཁྱོན་ལ་བཻཌཱུརྱའི་འོད་ཕོག་པ་བཞིན་སྔོ་ཐིང་ངེར་འཁྱིལ་འདུག

    བྱ་རྒོད་པོ་འཕུར་ནའང་གཤོག་རྩ་འདར་བའི་ས་ཆ་དེར་དཔའ་ངར་ལྡན་པའི་དཔོན་དམག་སྐོར་ཞིག་གིས་ངལ་བ་མཐའ་དག་ཁྱད་དུ་བསད་ནས་དེ་གར་བཅའ་སྡོད་ཀྱིས་མེས་རྒྱལ་མཐའ་མཚམས་སྲུང་བཞིན་ཡོད།

    བོད་ལྗོངས་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་རུ་ཐོག་མཐའ་མཚམས་དོ་དམ་རུ་ཆེན་མཚོ་མོ་ངང་ལྷ་རིང་མོའི་མཐའ་མཚམས་མངགས་གཏོང་ཁང་2009ལོ་ནས་བཟུང་དེར་བཅའ་སྡོད་བྱས་ཤིང་། བཅའ་སྡོད་བྱ་ཡུལ་དབུས་བྱང་གྲོང་ཚོ་ནི་རྒྱ་གར་དང་ས་འབྲེལ་ཡིན་པ་དང་ཁོར་ཡུག་ཧ་ཅང་དབེན་ཞིང་འཇམ། འོན་ཀྱང་དེ་གའི་མཁའ་རླུང་ནང་གསོ་རླུང་འདུས་ཚད་ཐང་གཤོང་གི་50%ཡང་ཟིན་གྱི་མེད་པས། ལག་པ་སྟོང་པར་ཕྱིན་ཡང་ལྗིད་ཚད་སྤྱི་རྒྱ་20ལྷག་ཙམ་ཁྱེར་བའི་སྣང་ཚུལ་ཡོང་གི་ཡོད།

    མངགས་གཏོང་ཁང་གིས་མཐའ་མཚམས་བདེ་འཇགས་སྲུང་སྐྱོང་དང་། མཐའ་མཚམས་ཁོངས་གཏོགས་ཀྱི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་། མཐའ་མཚམས་བདེ་འཇགས་སྐོར་གཡེང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་འགན་འཁྲི་དང་ལས་འགན་སྒྲུབ་བཞིན་ཡོད། དམིགས་བསལ་གྱི་ས་བབ་དབང་གིས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གངས་འཁྱགས་ཀྱི་གྲང་ངར་ཁྱད་དུ་བསད་དེ་ས་མཐོར་གཞིས་ཚུགས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་བསྒྲུབས་ནས་ཉེན་རྟོག་པ་དང་མི་དམངས་དབར་གྱི་འབྲེལ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད།

    མཚོ་མོ་ངང་ལྷ་རིང་མོའི་འགྲམ་དུ་ཁོང་ཚོའི་ལང་ཚོ་དྭངས་གཙང་གི་མཚོ་མོ་བཞིན་དཔལ་འབར་བ་དང་། ཁོང་ཚོའི་ལྷག་བསམ་ནི་ལྷུན་བརྗིད་རི་བོའི་རྩེ་མོར་བབས་པའི་ཁ་བའི་འདབ་མ་རེ་རེ་དང་མཚུངས། སྐོར་གཡེང་ལམ་བུའི་རྗེས་ཤུལ་རེ་རེ་ནི་ཁོང་ཚོས་མེས་རྒྱལ་ལ་ཕུལ་བའི་དཀར་གཙང་གི་མཇལ་དར་བཞིན་མངོན་པར་གསལ་བས། ལྷོ་ནུབ་མཐའ་མཚམས་སུ་ཁོང་ཚོ་ནི་བཀྲག་མདངས་ཆེ་ཤོས་མིན་ཡང་མཚོ་མོ་ངང་ལྷ་རིང་མོའི་མཐའ་མཚམས་སྲུང་མཁན་གྱི་སྲུང་དམག་ཡག་ཤོས་རེད།

    ཉེ་བའི་ལོ་ཤས་རིང་། མཚོ་མོ་ངང་ལྷ་རིང་མོའི་མཐའ་མཚམས་མངགས་གཏོང་ཁང་གིས“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་ནས་ས་གནས་ཀྱི་ཡུལ་སྐོར་དང་དཔལ་འབྱོར་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་པ་མ་ཟད། “ཡུལ་སྐོར་ལ་ཉེན་རྟོག་ཞབས་ཞུའི”ལས་དོན་སྒྲུབ་སྟངས་བཏོན་པ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཆུ་ཚོད་24ཡི་རིང་བཅའ་སྡོད་བྱས་ཤིང་། རིམ་རྩིས་བྱས་ན་མཛེས་ལྗོངས་ཁུལ་གྱི་དམངས་དོན་རྩོད་གཞི་ཁག་11ཐག་བཅད་པ་དང་། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་4ལ་རྡུང་རྡེག་བཏང་བ། མང་ཚོགས་ལ་ངལ་ནུས་གླ་ཆ་སྒོར་ཁྲི་500ལྷག་ཙམ་ལེན་རོགས་བྱས་པ་མ་ཟད། བོད་ཀྱི་སྐྱེ་ཁམས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མངགས་གཏོང་ཁང་གིས་ལྐོག་ཏུ་རི་དྭགས་རྔོན་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་དང་། ཤིང་འཛུགས་ནགས་བཟོ་དང་མཚོ་འགྲམ་གྱི་སྦགས་བཙོག་དངོས་པོ་གཙང་སེལ་སོགས་ཀྱི་བྱེད་ཐབས་བརྒྱུད་ཁྲུང་ཁྲུང་མགོ་ཁྲ་དང་། མཚོ་སྐྱར་ཁ་དམར། ངུར་སེར། ཉ་སོགས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ནུས་ལྡན་བྱས་ཡོད་ལ། སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མཚོ་མོ་དྭངས་ཚད་མཐོ་རུ་དང་ཆུའི་སྤུས་ཚད་བརྟན་དུ་བཏང་ནས་བོད་ཀྱི་སྐྱེ་ཁམས་ཤེས་ལྡན་འཕེལ་རྒྱས་དང་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།