ཨར་འདམ་སྐྱེལ་འདྲེན་རླངས་འཁོར་གྱི་འཁོར་ལོར་གློ་བུར་མེ་འབར་བས་མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་མེ་སྐྱོན་བསལ་བ།
ཉེ་ཆར། ཨར་འདམ་སྐྱེལ་འདྲེན་རླངས་འཁོར་ཞིག་ལམ་དུ་སྐྱོད་སྐབས་གློ་བུར་དུ་འཁོར་ལོ་རྒྱབ་མར་མེ་འབར་བ་རེད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཁྲ་འབྲུག་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མེ་སྐྱོན་དུས་ཐོག་ཏུ་ཚོད་འཛིན་བྱས་ཏེ་སྣེ་གདོང་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྲོང་ལྷོ་རུ་འབྲིང་དང་མཉམ་དུ་མེ་བསད་དེ་གྱོང་གུན་དེ་བས་ཆེ་བ་མི་ཕོག་པ་དང་མི་སྣ་ཤི་རྨས་མི་ཡོང་བར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་19ཉིན་གྱི་ཆུ་ཚོད་17ཙམ་ལ། ཁྲ་འབྲུག་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྐོར་ཞིབ་བྱེད་པའི་ལམ་བར་དུ་ཨར་འདམ་སྐྱེལ་འདྲེན་རླངས་འཁོར་ཞིག་གི་རྒྱབ་ཀྱི་འཁོར་ལོ་གཡོན་མར་མེ་འབར་བ་དང་། དེ་ཁུལ་དུ་མེ་འབར་ཤུགས་ཆེ་བས་དུ་བ་ལང་ལོང་དུ་འཕྱུར་བ་ཤེས་རྟོགས་ཐུབ་པ་རེད། མི་དམངས་ཉེན་རྟོག་པ་འཕྲལ་དུ་བསྐྱོད་ནས་མེ་བསད་པ་རེད། མི་དམངས་ཉེན་རྟོག་པས“ཐག་གཅོད་བྱེད་ཞོར་སྙན་སེང་ཞུ་བའི”རྩ་དོན་ལྟར་མངགས་གཏོང་ཁང་གི་འགོ་ཁྲིད་ལ་མེ་སྐྱོན་ཐོན་ཡུལ་གྱི་གནས་ཚུལ་སྙན་སེང་ཞུས་པ་དང་འབྲེལ་མེ་ཟོན་རོགས་སྐྱོབ་ཁ་པར་ཨང་གྲངས་119བརྒྱབ་ནས་རོགས་སྐྱོར་བྱེད་རོགས་ཞུས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཨར་འདམ་སྐྱེལ་འདྲེན་རླངས་འཁོར་དེ་ཡར་ལྷ་ཤམ་པོ་བརྒལ་སྐབས་ཟྭ་འདྲེད་ལ་སྐྱོན་ཤོར་ནས་དེའི་དྲོད་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་རེད། ཁྲ་འབྲུག་གྲོང་རྡལ་སྤྱི་བདེ་མངགས་གཏོང་ཁང་གི་ཉེ་འགྲམ་དུ་སྐྱོད་སྐབས་ཟྭ་འདྲེད་ཀྱིས་དྲོད་ཚད་མི་ཐེག་པས་འཁོར་ལོར་མེ་འབར་བ་རེད། མི་དམངས་ཉེན་རྟོག་པས་འགྱིག་འཁོར་འབར་གས་བྱེད་པའི་ཉེན་ཁར་མ་འཛེམས་པར་འགྱིག་འཁོར་ནང་ངོས་ཀྱི་མེ་བསད་པ་རེད། མེ་གསོད་ཡོ་ཆས་བཅུ་གྲངས་ཁ་ཤས་སྤྱད་ཀྱང་ད་དུང་མེ་རྦད་དེ་གསོད་ཐུབ་མེད་པ་རེད།
མེ་རྦད་དེ་གསོད་པ་དང་ཆབས་ཅིག་འགྱིག་འཁོར་གྱི་དྲོད་ཚད་གཅོག་ཆེད། མི་དམངས་ཉེན་རྟོག་པས་ཉེ་འཁོར་གྱི་ཚོང་ཁང་དང་འབྲེལ་བ་བྱས་ནས་ཆུ་སྦུག་སྤྱད་དེ་མེ་ཧུར་ཐག་བསད་པ་བརྒྱུད་མེ་སྐྱོན་ཚོད་འཛིན་རགས་ཙམ་ཐུབ་པ་རེད། དེའི་སྐབས་སུ་སྣེ་གདོང་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གནས་དེར་འབྱོར་ནས་འཁོར་ལོའི་དྲོད་ཚད་བཅག་པ་རེད། མེ་སླར་ཡང་མི་འབར་བའི་ཆེད་དུ། མི་དམངས་ཉེན་རྟོག་པས་དཀའ་ངལ་ལ་མི་སྐྲག་པར་དཔའ་ངར་ཆེན་པོས་འབད་འཐབ་བྱས་ནས་མེ་ཟོན་རོགས་སྐྱོབ་མི་སྣ་དང་མཉམ་དུ་མེ་རྦད་དེ་བསད་པ་རེད། མེ་སྐྱོན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་དུས་ཐོག་ཏུ་བསད་པ་བརྒྱུད་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པའི་གནས་ཚུལ་ཐོན་མེད་པ་རེད།