དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཕྱིར་སྤྲོ་གསེང་དུ་སྐྱོད་སྐབས་མེ་ཟོན་བདེ་འཇགས་ལ་སྣང་ཆུང་བྱེད་མི་རུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-12

    ལོ་གཅིག་དུས་གཅིག་གི་ཡིག་རྒྱུགས་མཇུག་འགྲིལ་རྗེས། སློབ་མ་མང་པོས་ངལ་གསོའི་དུས་ཚོད་སྤྱད་དེ་ཕྱོགས་ཁག་ཏུ་སྤྲོ་གསེང་ངམ་ཡུལ་སྐོར་དུ་འགྲོ་བཞིན་ཡོད་པས། ཕྱོགས་ལ་མ་ཐོན་གོང་ངམ་ཕྱོགས་ལ་ཐོན་རིང་བདེ་འཇགས་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་སྟེ།

    ཡུལ་སྐོར་དུ་སྐྱོད་སྐབས་དོ་སྣང་བྱེད་དགོས་པ། ཡུལ་སྐོར་དུ་མ་བསྐྱོད་གོང“གཙང་ བཟོ་གསུམ་དང་སྒོ་རྒྱག་གསུམ”ངེས་པར་དུ་བྱེད་དགོས་པ་སྟེ། འགྲོ་ལམ་གཙང་བཟོ་དང་། ཉི་གཡབ་གཙང་བཟོ། ཐབ་ཚང་གཙང་བཟོ་གསུམ་དང་། མེ་ཁུངས་སྒོ་རྒྱག་པ་དང་། གློག་ཁུངས་སྒོ་རྒྱག་པ། སོལ་རླངས་སྒོ་རྒྱག་པ་བཅས་བྱས་ནས་ཁྱིམ་ལ་མེ་སྐྱོན་མི་ཐོན་པ་བྱེད་དགོས།

    དབྱར་དུས་སུ་ཆུ་རྐྱལ་རྒྱག་སྐབས་དོ་སྣང་བྱེད་དགོས་པ། རང་གཅིག་པུའམ་ཡང་ན་རོགས་པ་དང་མཉམ་དུ་ཕྱི་རོལ་དུ་ཆུ་རྩེད་རྩེ་བའམ་ཡང་ན་ཉ་དང་ཞ་སྨི་སོགས་འཛིན་པ་སོགས་མི་བྱེད་པ་དང་། བདེ་འཇགས་ཀྱི་སྒྲིག་བཀོད་མེད་པ་དང་རོགས་སྐྱོབ་མི་སྣ་མེད་པའི་ཆུ་རྐྱལ་ཁང་དུ་མི་འགྲོ་བ། རོགས་པ་ཆུར་ལྷུངས་ཚེ་བསམ་བློ་ཞིབ་ཕྲ་བཏང་ནས་མྱུར་སྐྱོབ་བྱེད་པ་ལས། ལྐུགས་ཚོད་ཚོད་ཀྱིས་ཆུ་ནང་དུ་འཛུལ་ནས་སྐྱོབ་མི་རུང་བར། སྐད་གསང་མཐོན་པོས་སྐད་གཏོང་བ་དང་ཉེན་རྟོག་པར་ཁ་པར་རྒྱག་དགོས།

    རི་ལ་འཛེག་སྐབས་དོ་སྣང་བྱེད་དགོས་པ། རི་ལ་འཛེག་པར་སྐྱོད་སྐབས་མྱུར་སྐྱོབ་སྨན་རྫས་དང་། འཕྲིན་གཏོང་ཡོ་བྱད། དེ་བཞིན་སྟབས་བདེའི་ཉེན་བརྡའི་ཡོ་བྱད་བཅས་འཁྱེར་དགོས་པ་དཔེར་ན། ལག་ཁྱེར་གློག་བཞུ་དང་། འབུད་ཤུ། དུང་བརྡ་སོགས་ཡིན། རྐང་ཐང་ལམ་ལ་རང་དགར་འགྱུར་བ་མི་གཏོང་བར་ལམ་བར་དུ་རྟགས་ཡག་པོ་བརྒྱབ་ནས་ལམ་ནོར་མི་ཐེབས་པ་བྱེད་དགོས།

    ཕྱི་རོལ་དུ་སྲེག་ཟས་བཟོ་སྐབས་དོ་སྣང་བྱེད་དགོས་པ། ཕྱི་རོལ་དུ་སྲེག་ཟས་བཟོ་སྐབས་ཤིང་ནགས་སྟུག་པོ་དང་ལོ་མ་ཕུང་གསོག་ཐེབས་པ་སོགས་འབར་སླ་བའི་དངོས་པོ་སྤུངས་པའི་ས་ཆ་མི་འདེམས་པར་ས་རྒྱ་ཆེན་པོ་འདེམས་དགོས། ཡག་ཤོས་བྱུང་ན་ཆུ་མགོ་དང་ཐག་ཉེ་སར་བསྲེག་དགོས། དེ་འདྲ་བྱས་ཚེ་གཟབ་གཟབ་མ་བྱས་པར་མེ་སྐྱོན་ཤོར་ཡང་མགྱོགས་མྱུར་ཆུ་བླངས་ནས་མེ་གསོད་ཐུབ། སྲེག་ཟས་བསྲེགས་ཚར་རྗེས། དུས་ཐོག་ཏུ་མེ་ཡག་པོ་བསད་དེ་མེ་སྐྱོན་སྔོན་འགོག་བྱེད་དགོས།

    འགྲིམ་འགྲུལ་ཡོ་བྱད་ལ་སྡོད་སྐབས་དོ་སྣང་བྱེད་དགོས་པ། འགྲིམ་འགྲུལ་ཡོ་བྱད་སྣ་ཚོགས་ལ་སྡོད་སྐབས་ངེས་པར་དུ་མེ་ཟོན་བདེ་འཇགས་ཡིད་ལ་བརྟན་པོར་ངེས་དགོས་པ་ལས། འབར་གས་སླ་བའི་དངོས་རྫས་ཁྱེར་ནས་རླངས་འཁོར་དུ་སྡོད་མི་རུང་།

    གློག་སྒུལ་སྦག་སྦག་བཞོན་སྐབས་དོ་སྣང་བྱེད་དགོས་པ། ཁང་པའི་ཐོག་བརྩེགས་དང་པོའི་སྒོ་ར་དང་། བར་ཁྱམས། སྐས་འཛེག་བར་ཁྱམས་བཅས་སུ་གློག་སྒུལ་སྦག་སྦག་འཇོག་མི་རུང་ལ། གློག་སྐུད་མཐོ་སར་ཁྲིད་ནས་གློག་མི་གསོག་པར་གློག་གསོག་སྐབས་ཕྱི་རོལ་དུ་བཞག་ནས་དུས་ཚོད་ཆུ་ཚོད་བརྒྱད་ལས་མི་བརྒལ་བར་བྱེད་དགོས། གློག་སྒུལ་སྦག་སྦག་ཐོག་ཁང་དང་ཁྱིམ་དུ་འཇོག་མི་རུང་།

    མེ་སྐྱོན་ཐོན་ཡུལ་ནས་བྲོས་ཏེ་རང་སྐྱོབ་བྱེད་སྐབས་དོ་སྣང་བྱེད་དགོས་པ། གལ་ཏེ་མེ་སྐྱོན་ཐོན་ཚེ་དངངས་སྐྲག་མི་བྱེད་པར། འཕྲལ་དུ་119ལ་མེ་སྐྱོན་ཉེན་བརྡའི་ཁ་པར་རྒྱག་པ་དང་ཆབས་ཅིག ཨ་ཅོར་རློན་པས་ཁ་སྣ་བཀབ་ནས་གོག་བགྲོད་དང་སྒུར་སྒུར་བྱས་ནས་གང་མགྱོགས་ཕྱིར་ཐོན་དགོས་པ་ལས། སྒེར་གྱི་དངོས་པོ་བློས་མ་ཐོངས་པའི་རྐྱེན་ལས་རང་སྐྱོབ་ཀྱི་གོ་སྐབས་ཡག་ཤོས་མི་ཤོར་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།