གཞིས་རྩེའི་ཉེན་རྟོག་ཕྱོགས་ཀྱིས།
གློག་འཕྲིན་གྱི་ཁ་བསླུས་གྱོད་གཞི་4རྩད་བཅད་ནས་ཉེས་གསོག་དོགས་ཅན་6བཟུང་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་ཉེན་རྟོག་པ་ཧེ་ལུང་ཅང་དང་། ཀོང་ཤིས། ཨན་ཧུའེ། ཧུའུ་ནན། སི་ཁྲོན་སོགས་སུ་བསྐྱོད་དེ་ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་4བསྟུད་མར་རྩད་བཅད་ནས་ཉེས་གསོག་དོགས་ཅན་6བཟུང་པ་རེད།
ཟླ་3ཚེས་25ཉིན། མང་ཚོགས་བསྟན་ཆེ་གེ་མོས། མི་འགའ་ཤས་ཀྱིས་ཧྲང་ཧའེ་ཤིན་ཏི་ཚན་རྩལ་མཉམ་གཉེར་ཁེ་ལས་ཚད་ཡོད་ཀུང་སིའི་ལས་མིར་བརྫུས་ནས་ལས་ཀ་ངོ་སྤྲོད་བྱེད་པར་ཁ་གཡར་ཏེ་ངའི་ལག་ནས་སྒོར་50843ཁ་བསླུས་བརྒྱབ་སོང་ཞེས་སྙན་སེང་ཞུས། ཉེན་དོན་སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པས་གྱོད་འབྲེལ་མ་དངུལ་གྱི་འབྲེལ་ཐག་ལ་དབྱེ་ཞིབ་དང་བརྟག་དཔྱད་དཔང་ལེན་བྱས་ནས། ཉེས་གསོག་དོགས་ཅན་ལི་ཆེ་གེ་མོ་དང་ཨེན་ཆེ་གེ་མོའི་བྱེད་སྤྱོད་སྤེལ་ཤུལ་དང་ཉེས་གསོག་དཔང་རྟགས་ཁོང་དུ་ཆུད་པར་བྱས་ཏེ། ཟླ་5ཚེས་25དང་ཟླ་5ཚེས་28ཉིན་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དང་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་ནས་ལི་ཆེ་གེ་མོ་དང་ཨེན་ཆེ་གེ་མོ་གཉིས་བཟུང་པ་རེད།
ཟླ་4ཚེས་7ཉིན། ལྷ་རྩེ་རྫོང་གི་ཚོང་པ་བུད་མེད་ཧྥེང་ལགས་ཀྱིས་མི་ཁ་ཤས་ཀྱིས་དངུལ་ཁང་གི་ལས་མིར་བརྫུས་ནས་ཡིད་རྟོན་ཐོ་ནག་བསུབ་པར་ཁ་གཡར་ཏེ་ངའི་ལག་ནས་སྒོར་13110ཁ་བསླུས་བརྒྱབ་སོང་ཞེས་སྙན་སེང་ཞུས། ཉེན་དོན་སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པས་གྱོད་འབྲེལ་རྩིས་ཁྲའི་མ་དངུལ་འབྲེལ་ཐག་ལ་དབྱེ་ཞིབ་དང་བརྟག་དཔྱད་དཔང་ལེན་བྱས་པ་བརྒྱུད། ཐེམ་ཁོངས་ཨན་ཧུའེ་ཡི་ཡུས་ཆེ་གེ་མོར་ཉེས་པ་བསགས་པའི་དོགས་པ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་བ་དང་། མི་དམངས་ཉེན་རྟོག་པས་ལམ་ཐག་རིང་པོར་མ་འཛེམས་པར་ཟླ་5ཚེས་31ཉིན་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་དུ་བསྐྱོད་དེ་ཡུས་ཆེ་གེ་མོ་བཟུང་པ་རེད།
ཟླ་4ཚེས་14ཉིན། མང་ཚོགས་བཀྲ་ཆེ་གེ་མོས། རང་ཉིད་ལ་ཁ་པར་ཞིག་འབྱོར་ནས། ཕ་རོལ་པོས་དངུལ་བུན་གཡར་མཁན་ཀུང་སིའི་ལས་མི་ཡིན་ཁུལ་གྱིས་གྲངས་ཉུང་དངུལ་བུན་བཏང་ཆོག་ཅེས་ཟེར། ངས་ཕ་རོལ་པོས་གང་བཤད་ལ་ཉན་སྟབས། མཐར་སྒོར་32500ཁ་བསླུས་ཐེབས་བྱུང་ཞེས་སྙན་སེང་ཞུས། ཉེན་དོན་སྙན་སེང་འབྱོར་རྗེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གྱོད་གཞིའི་མ་དངུལ་དང་ཆ་འཕྲིན་འཁོར་རྒྱུག་གནས་ཚུལ་ལ་དམིགས་ནས་མྱུལ་ཞིབ་ཞིབ་ཚགས་དང་བརྡར་ཤ་གཏིང་ཟབ་བཅད་དེ། ཐེམ་ཁོངས་སི་ཁྲོན་གྱི་སྐྱེས་པ་ལི་ཆེ་གེ་མོ་དང་ཐེམ་ཁོངས་ཧོ་ནན་གྱི་སྐྱེས་པ་ཀྲའོ་ཆེ་གེ་མོ་གཉིས་ལ་ནག་ཉེས་བསགས་པའི་དོགས་པ་ཆེན་པོ་ཡོད་པ་ཤེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་མར་ཁོ་གཉིས་བཟུང་རྒྱུའི་ཐག་བཅད་ནས། ཟླ་6ཚེས་4དང་ཟླ་6ཚེས་7ཉིན་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཧོ་ཁྲེ་གྲོང་ཁྱེར་དང་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ནས་ཉེས་གསོག་དོགས་ཅན་ཀྲའོ་ཆེ་གེ་མོ་དང་ལི་ཆེ་གེ་མོ་བཟུང་པ་རེད།
ཟླ་4ཚེས་15ཉིན། མང་ཚོགས་སྒྲོལ་ཆེ་གེ་མོས། རང་ཉིད་ལ་དངུལ་ཁ་ཐང་པོ་ཡོད་པར་བརྟེན་དྲ་ཐོག་ནས་དངུལ་བུན་གཡར་སའི་མཉེན་ཆས་ཤིག་ཕབ་ལེན་བྱས་ཏེ་དངུལ་གཡར་བ་ཡིན། འོན་ཀྱང་ཕ་རོལ་པོས་དངུལ་ཁང་གཱ་ཡི་ཆ་འཕྲིན་ནོར་བར་ཁ་གཡར་ཏེ་སྒོར་32998ཁ་བསླུས་བརྒྱབ་བྱུང་ཞེས་སྙན་སེང་ཞུས། ཉེན་དོན་སྙན་སེང་འབྱོར་རྗེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གྱོད་འབྲེལ་མ་དངུལ་དང་ཆ་འཕྲིན་གྱི་འཁོར་རྒྱུག་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་དང་བརྡར་ཤ་བཅད་པ་བརྒྱུད། ཐེམ་ཁོངས་ཀུའེ་ཀྲོའུ་ཡི་སྐྱེས་པ་ཡུས་ཆེ་གེ་མོར་ནག་ཉེས་བསགས་པའི་དོགས་པ་ཆེན་པོ་ཡོད་པ་ཤེས། ཟླ་6ཚེས་12ཉིན། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ནས་ཉེས་གསོག་དོགས་ཅན་ཡུས་ཆེ་གེ་མོ་བཟུང་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད། གོང་གསལ་གྱི་གྱོད་གཞི་4ཡི་ཉེས་གསོག་དོགས་ཅན་6གིས་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། མིག་སྔར། མི་1ལ་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཆད་གཅོད་བསླབ་སྡོམ་གྱི་བྱ་ཐབས་སྤྱད་པ་དང་། དེ་བྱིངས་ཀྱི་མི་5ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་མུ་མཐུད་ཐག་གཅོད་བྱེད་པར་རྩིས་སྤྲད་པ་དང་ཁ་བསླུས་བརྒྱབ་པའི་དངུལ་འདེད་ལེན་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།