ཡིག་རྒྱུགས་ཚར་རྗེས་ཕྱིར་སྤྲོ་གསེང་ལ་སྐྱོད་སྐབས་ཚེ་སྲོག་གི་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས།
ལོ་གཅིག་དུས་གཅིག་གི་ཆུང་རྒྱུགས་དང་། འབྲིང་རྒྱུགས། མཐོ་རྒྱུགས་སོགས་ཡིག་ཚད་ཆེ་ཆུང་མང་པོ་མཇུག་འགྲིལ་བ་དང་། སློབ་གྲྭ་ཁག་ཀྱང་དབྱར་གསེང་གཏོང་བའི་དུས་ལ་སླེབས་པས། སློབ་མ་ཚོས་ཚེ་སྲོག་གི་བདེ་འཇགས་ལ་ལྷོད་གཡེང་གི་བསམ་བློ་གཏན་ནས་མི་འཆང་བར་ཡིད་གཟབ་ཆེན་པོ་བྱེད་དགོས།
ཕྱིར་ཡུལ་སྐོར་དུ་སྐྱོད་སྐབས་དོ་སྣང་བྱེད་དགོས་པ། ཕྱིར་ཡུལ་སྐོར་དུ་མ་བསྐྱོད་གོང“གཙང་མ་བཟོ་བ་གསུམ་དང་འགོག་པ་གསུམ”ངེས་པར་དུ་བྱེད་དགོས་པ་སྟེ། འགྲོ་ལམ་གཙང་མ་བཟོ་བ་དང་། ཉི་གཡབ་གཙང་མ་བཟོ་བ། ཐབ་ཚང་གཙང་མ་བཟོ་བ་གསུམ་དང་། མེ་ཁུངས་འགོག་པ་དང་། གློག་ཁུངས་འགོག་པ། སོལ་རླངས་འགོག་པ་བཅས་བྱས་ནས་ཁྱིམ་ལ་མེ་སྐྱོན་མི་ཐོན་པ་བྱེད་དགོས།
དབྱར་དུས་སུ་ཆུ་རྐྱལ་རྒྱག་སྐབས་དོ་སྣང་བྱེད་དགོས་པ། རང་གཅིག་པུའམ་ཡང་ན་རོགས་པ་དང་མཉམ་དུ་ཕྱི་རོལ་དུ་ཆུ་རྩེད་རྩེ་བའམ་ཡང་ན་ཉ་དང་སྦལ་པ་སོགས་འཛིན་པ་སོགས་མི་བྱེད་པ་དང་། བདེ་འཇགས་ཀྱི་སྒྲིག་བཀོད་མེད་པ་དང་རོགས་སྐྱོབ་མི་སྣ་མེད་པའི་ཆུ་རྐྱལ་ཁང་དུ་མི་འགྲོ་བ། རོགས་པ་ཆུར་ལྷུང་ཚེ་ཐབས་ཤེས་བཏང་ནས་མྱུར་སྐྱོབ་བྱེད་པ་ལས། ལྐུགས་ཚོད་ཚོད་ཀྱིས་ཆུར་འཛུལ་ནས་སྐྱོབ་མི་རུང་བར། སྐད་གསང་མཐོན་པོས་སྐད་གཏོང་བ་དང་ཉེན་རྟོག་པར་ཁ་པར་རྒྱག་དགོས་པ་བཅས་ཡིན།
རྐང་ཐང་མར་རིར་འཛེག་སྐབས་དོ་སྣང་བྱེད་དགོས་པ། ཕྱིར་རྐང་ཐང་མར་རིར་འཛེག་སྐབས་མྱུར་སྐྱོབ་སྨན་རྫས་དང་། འཕྲིན་གཏོང་ཡོ་བྱད། དེ་བཞིན་ལག་བཞུ་དང་། ཤུ། དུང་བརྡ་སོགས་སྟབས་བདེའི་ཉེན་བརྡའི་ཡོ་བྱད་འཁྱེར་དགོས་པ་དང་། རྐང་ཐང་ལམ་ལ་རང་དགར་འགྱུར་བ་མི་གཏོང་བར་ལམ་བར་དུ་རྟགས་ཡག་པོ་བརྒྱབ་ནས་ལམ་ནོར་མི་ཐེབས་པ་བྱེད་དགོས།
ཕྱི་རོལ་དུ་སྲེག་ཟས་བཟོ་སྐབས་དོ་སྣང་བྱེད་དགོས་པ། ཕྱི་རོལ་དུ་སྲེག་ཟས་བཟོ་སྐབས་རྩི་ཤིང་མཐུག་པོ་དང་ལོ་མ་ཕུང་གསོག་ཐེབས་པ་སོགས་འབར་སླ་བའི་དངོས་པོ་ཡོད་པའི་ས་ཆ་མི་འདེམས་པར་ས་རྒྱ་ཆེན་པོ་འདེམས་དགོས། ཡག་ཤོས་བྱུང་ན་ཆུ་མགོ་དང་ཐག་ཉེ་སར་བསྲེག་དགོས། དེ་འདྲ་བྱས་ཚེ་ཆུ་ལེན་པར་སྟབས་བདེ་ཡོད་པ་མ་ཟད། གཟབ་གཟབ་མ་བྱས་པར་མེ་སྐྱོན་ཤོར་ཚེ་མགྱོགས་མྱུར་ཆུ་བླངས་ནས་མེ་གསོད་ཐུབ། སྲེག་ཟས་བསྲེགས་ཚར་རྗེས། དུས་ཐོག་ཏུ་ཆུ་བླུག་པའམ་ཡང་ན་རྡོག་པས་བརྫིས་ནས་མེ་རྦད་དེ་བསད་དེ་མེ་སྐྱོན་མི་ཐོན་པ་བྱེད་དགོས།
སྤྱི་པའི་འདུ་གནས་སུ་མི་མང་འདུ་འཛོམ་བྱེད་སྐབས་དོ་སྣང་བྱེད་དགོས་པ། ཉེ་འཁོར་གྱི་ས་ཁམས་ཁོར་ཡུག་དང་། མེ་གསོད་འགྲོ་ལམ། བདེ་འཇགས་ཐོན་སྒོ་བཅས་ལ་དོ་སྣང་བྱས་ཏེ་ཁ་འགྲེམ་ལམ་ཐིག་དང་མེ་གསོད་སྒྲིག་ཆས་འཇོག་ས་ཤེས་རྟོགས་བྱེད་དགོས།
འགྲིམ་འགྲུལ་ཡོ་བྱད་དུ་སྡོད་སྐབས་དོ་སྣང་བྱེད་དགོས་པ། འགྲིམ་འགྲུལ་ཡོ་བྱད་སྣ་ཚོགས་ལ་སྡོད་སྐབས་ངེས་པར་དུ་མེ་ཟོན་བདེ་འཇགས་ཡིད་ལ་བརྟན་པོར་ངེས་དགོས་པ་ལས། འབར་གས་སླ་བའི་དངོས་རྫས་ཁྱེར་ནས་རླངས་འཁོར་དུ་འཛུལ་མི་རུང་།
གློག་སྒུལ་སྦག་སྦག་བཞོན་སྐབས་དོ་སྣང་བྱེད་དགོས་པ། ཁང་པའི་ཐོག་བརྩེགས་དང་པོའི་སྒོ་ར་དང་། བར་ཁྱམས། སྐས་འཛེགས་བར་ཁྱམས་བཅས་སུ་གློག་སྒུལ་སྦག་སྦག་འཇོག་མི་རུང་ལ། གློག་སྐུད་མཐོ་སར་ཁྲིད་ནས་གློག་གསོག་མི་རུང་བ་དང་། གློག་གསོག་སྐབས་ཕྱི་རོལ་དུ་བཞག་ནས་གསོག་དགོས་པ་དང་དུས་ཚོད་ཆུ་ཚོད་བརྒྱད་ལས་མི་བརྒལ་བར་བྱེད་དགོས། གློག་སྒུལ་སྦག་སྦག་ཐོག་ཁང་དང་ཁྱིམ་དུ་འཇོག་མི་རུང་།
མེ་སྐྱོན་ཐོན་ཡུལ་ནས་བྲོས་ཏེ་རང་སྐྱོབ་བྱེད་སྐབས་དོ་སྣང་བྱེད་དགོས་པ། གལ་ཏེ་མེ་སྐྱོན་ཐོན་ཚེ་དངངས་སྐྲག་མི་བྱེད་པར། མགྱོགས་མྱུར་མེ་སྐྱོན་གྱི་ཉེན་བརྡའི་ཁ་པར་119རྒྱག་པ་དང་ཆབས་ཅིག ཨ་ཅོར་རློན་པས་ཁ་སྣ་བཀབ་ནས་གོག་བགྲོད་དང་སྒུར་སྒུར་བྱས་ནས་མགྱོགས་མྱུར་ཕྱིར་ཐོན་དགོས་པ་ལས། སྒེར་གྱི་དངོས་པོ་བློས་མ་ཐོངས་པའི་རྐྱེན་གྱིས་རང་སྐྱོབ་ཀྱི་གོ་སྐབས་ཡག་ཤོས་མི་ཤོར་བ་བྱེད་དགོས།