དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས།

    ཐོན་མང་བའི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་འདི་དག་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-11

    འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་སྒྲིག་འགལ་ངང་བཞག་པའི་རླངས་འཁོར་ལ་ཁྲིམས་ལྟར་ཆད་གཅོད་འཛིན་འབྲི་བཞིན་པ།

    ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་བསྐྱོད་དེ། 2023ལོའི་ལོ་སྟོད་དུ་ལྷ་སར་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་གང་དག་མང་པོ་ཐོན་གྱི་ཡོད་མེད་ལ་ཤེས་རྟོགས་བྱས་པ་ཡིན། གོ་སྐབས་དེ་དང་བསྟུན་ནས་རྒྱ་ཆེའི་གྲོང་མི་ཚོར་ངེས་པར་དུ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འགྲིམ་འགྲུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས། ཡ་རབས་ངང་ཕྱིར་སྐྱོད་དང་བདེ་འཇགས་ངང་རླངས་འཁོར་གཏོང་དགོས་པའི་དྲན་སྐུལ་ཞུ་ཡི་ཡིན།

    1གཏན་འབེབས་ལྟར་རླངས་འཁོར་མི་འཇོག་པའི་སྣང་ཚུལ་ཐོན་ཚད་18.99%ཟིན་པ།

    འགྲིམ་འགྲུལ་ཁོར་ཡུག་ནི་གྲོང་ཁྱེར་གྱི་གཟུགས་བརྙན་མཚོན་པའི་སྐར་ཁུང་ལྟ་བུ་ཞིག་རེད་ལ་ཤེས་དཔལ་གྲོང་ཁྱེར་གྱི་མཚོན་རྟགས་གལ་ཆེན་ཞིག་ཀྱང་རེད། དཔལ་འབྱོར་དང་སྤྱི་ཚོགས་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རླངས་འཁོར་ཉོ་མཁན་གྱི་མི་སེར་ཡང་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པས། འཕྲུལ་སྒུལ་འཁོར་རིགས་གཏན་འབེབས་ལྟར་མི་འཇོག་པ་སོགས་ཀྱི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཀྱང་མི་ཉུང་བ་ཞིག་ཐོན་བཞིན་ཡོད། དུས་རྒྱུན་ཁ་ལོ་བ་འགའ་ཞིག་གིས་སྟབས་བདེ་ཡོང་ཆེད། འགྲིམ་འགྲུལ་གྱི་སྒྲིག་སྲོལ་སྣང་མེད་དུ་བཏང་ནས་རླངས་འཁོར་གང་བྱུང་དུ་འཇོག་པའམ་ཐ་ན་ལོང་ལམ་དང་མེ་ཟོན་ལམ་བཀག་ནས་རླངས་འཁོར་གཞན་དག་དང་རྒྱ་ལམ་འགྲུལ་པའི་རྒྱུན་གཏན་འགྲོ་སྐྱོད་ལ་འགོག་རྐྱེན་བཟོ་བ་མ་ཟད། གྲོང་ཁྱེར་གྱི་གཟུགས་བརྙན་ལའང་གནོད་འཚེ་ཚབས་ཆེན་བཟོ་ཡི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་ཡོངས་སུ“གཏན་འབེབས་ལྟར་འཕྲུལ་སྒུལ་འཁོར་རིགས་མ་བཞག་པའི”འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཀྱིས་དུས་མཚམས་དེའི་རིང་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཡོངས་ཀྱི་18.99%བཟུང་བ་དང་། བྱེད་སྤྱོད་དེ་རིགས་ལ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་དངུལ་ཆད་སྒོར་200གཅོད་ཀྱི་ཡོད།

    གསར་འགོད་པས་ཤེས་རྟོགས་བྱས་པར། གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ལེགས་སུ་ནུས་ལྡན་གཏོང་བ་དང་། རླངས་འཁོར་འཇོག་པའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། འགྲོ་ལམ་ཤར་གཏོང་ཐུབ་པ་བཅས་བྱ་ཆེད། འདི་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་དང་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། འཕྲུལ་སྒུལ་འཁོར་རིགས་སྒྲིག་འགལ་ངང་བཞག་པའི་བྱེད་སྤྱོད་ལ་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་རླངས་འཁོར་འཇོག་སར་མི་འཇོག་པ་དང་། འཕྲུལ་སྒུལ་འཁོར་རིགས་མིན་པའི་འགྲོ་ལམ་དང་རྐང་ཐང་ལམ་བཟུང་བ། རླངས་འཁོར་གང་བྱུང་དུ་ཁ་འགོག་པ་དང་འཇོག་པ་བཅས་ལ་བཅོས་སྒྲིག་བྱས་ནས་ཕྱིར་སྐྱོད་ཀྱི་རྣམ་པ་ཟབ་མོ་ནུས་ཤུས་ཡོད་རྒུས་བཏོད་པ་རེད། གོམ་སྟབས་རྗེས་མར་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་འཕྲུལ་སྒུལ་འཁོར་རིགས་སྒྲིག་འགལ་ངང་བཞག་པའི་བྱེད་སྤྱོད་ལ་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཞིབ་བཤེར་ནན་པོ་དང་། དོ་དམ་ནན་པོ། བཅོས་སྒྲིག་ནན་པོ་བཅས་བྱེད་པའི་རྒྱུན་མཐུད་ཕུགས་ཕན་དོ་དམ་གྱི་དམ་བསྒྲགས་རྣམ་པ་ཞིག་ཆགས་པར་བྱེད་པ་དང་ཆབས་ཅིག དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱ་ཆེའི་ཁ་ལོ་བར་ཡ་རབས་ངང་རླངས་འཁོར་བཞག་ནས་འགྲིམ་འགྲུལ་གྱི་ཁོར་ཡུག་བཟང་པོ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་པར་ཁྲིད་སྟོན་བྱེད་ཀྱི་ཡོད་པ་རེད།

    2ལམ་ཕྱོགས་ལྟར་འཁོར་ལམ་དུ་མ་བསྐྱོད་ཚེ་འགྲིམ་འགྲུལ་ལས་འཛོལ་ཐོན་སླ་བ།

    ནམ་རྒྱུན་གྱི་འཚོ་བར་ཁ་ལོ་བ་ཁག་གཅིག་གིས་ལམ་ཕྱོགས་ལྟར་འཁོར་ལམ་དུ་མ་བསྐྱོད་པ་མ་ཟད་འགྲོ་ལམ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྣང་ཆུང་བྱས་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་དཀྲུག་གི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོའི་ལོ་སྟོད་དུ་གྲོང་ཁྱེར་ཡོངས་སུ“འཕྲུལ་སྒུལ་འཁོར་རིགས་ཀྱི་ལམ་ཕྱོགས་ལྟར་འཁོར་ལམ་དུ་མ་བསྐྱོད་པའི”འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཀྱིས་དུས་མཚམས་དེའི་རིང་གི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཡོངས་ཀྱི་13.84%བཟུང་བ་དང་། བྱ་སྤྱོད་དེ་རིགས་ལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དངུལ་ཆད་སྒོར་200གཅོད་ཀྱི་ཡོད།

    འབྲེལ་ཡོད་འགན་འཁུར་བས། “འཕྲུལ་སྒུལ་འཁོར་རིགས་ཀྱི་ལམ་ཕྱོགས་ལྟར་འཁོར་ལམ་དུ་མ་བསྐྱོད་པའི”འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་གནོད་འཚེ་ཧ་ཅང་ཆེན་པོ་ལྡན་ཞིང་། དེས་འགྲིམ་འགྲུལ་གྱི་འགྲོ་ལམ་འགག་པའི་གནས་ཚུལ་ཐོན་སླ་བ་མ་ཟད། འཁོར་ལམ་བརྗེ་སྐབས་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་སླ་པོ་ཡོད། “རྒྱ་ཆེའི་ཁ་ལོ་བ་ཚོས་རླངས་འཁོར་གཏོང་སྐབས་ངེས་པར་དུ་ལམ་ཕྱོགས་ལྟར་འཁོར་ལམ་དུ་སྐྱོད་དགོས་ཤིང་། ལམ་ཕྱོགས་ཡོད་སར་སླེབས་སྐབས་སྔོན་ཚུད་ནས་འཁོར་ལམ་བརྗེས་ཏེ་དེ་མཚུངས་ཀྱི་འཁོར་ལམ་དུ་སྐྱོད་དགོས། གལ་ཏེ་འཁོར་ལམ་ནོར་བའམ་ཡང་ན་གནས་སྐབས་སུ་འཁོར་ལམ་བརྗེ་དགོས་ཚེ། ལམ་ཕྱོགས་ལྟར་བསྐྱོད་ནས་ལམ་མདོ་གྲོལ་རྗེས་གཞི་ནས་འཁོར་ལམ་བརྗེ་དགོས”པ་ལས་རང་དགར་ཁ་གཅུ་མི་རུང་བའི་དྲན་སྐུལ་ཞུས་འདུག

    3འགྲིམ་འགྲུལ་གྱི་གློག་བརྡར་སྣང་མེད་བཏང་ཚེ་སྐར་མ་6འཐེན་པ་དང་དངུལ་ཆད་སྒོར་200གཅོད་ཀྱི་ཡོད།

    འགྲིམ་འགྲུལ་གྱི་གློག་བརྡ་ནི་འགྲོ་ལམ་གྱི་འགྲིམ་འགྲུལ་སྒྲིག་ཆས་གལ་ཆེ་ཤོས་ཤིག་ཡིན་པའི་ཆ་ནས། འགྲིམ་འགྲུལ་ཤར་བགྲོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་ཐུབ་པ་མ་ཟད་ད་དུང་འཕྲུལ་སྒུལ་འཁོར་རིགས་དང་། འཕྲུལ་སྒུལ་མིན་པའི་འཁོར་རིགས། རྒྱ་ལམ་འགྲུལ་པ་བཅས་ཀྱི་འགྲོ་སྐྱོད་བདེ་འཇགས་འགན་ལེན་བྱེད་ཐུབ། “གློག་དམར་པོ་འབར་སྐབས་སྡོད་པ་དང་གློག་ལྗང་ཁུ་འབར་སྐབས་འགྲོ་བའི”འགྲིམ་འགྲུལ་གྱི་སྒྲིག་ལམ་ལ་བརྩི་སྲུང་ཞུ་བ་ནི་ཚང་མས་ཤེས་གསལ་གྱི་འགྲིམ་འགྲུལ་གྱི་རྒྱུན་ཤེས་ཤིག་རེད། འོན་ཀྱང་ཁ་ལོ་བ་ཁ་ཤས་ཀྱིས་སྔར་བཞིན་འགྲོ་ལམ་འགྲིམ་འགྲུལ་གྱི་གློག་བརྡར་བརྩི་སྲུང་མ་ཞུས་པར་འགྲོ་ལམ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ཏེ་སྐྱོད་ཀྱི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོའི་ལོ་སྟོད་དུ་གྲོང་ཁྱེར་ཡོངས་སུ“ཁ་ལོ་བས་འགྲོ་ལམ་འགྲིམ་འགྲུལ་གྱི་གློག་བརྡར་བརྩི་སྲུང་མ་ཞུས་པར་སྐྱོད་པའི”འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཀྱིས་དུས་མཚམས་དེའི་རིང་གི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཡོངས་ཀྱི་6.04%བཟུང་བ་དང་། བྱེད་སྤྱོད་དེ་རིགས་ལ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་སྐར་མ་6འཐེན་པ་དང་དངུལ་ཆད་སྒོར་200གཅོད་ཀྱི་ཡོད།

    འབྲེལ་ཡོད་འགན་འཁུར་བས། འགྲིམ་འགྲུལ་གྱི་གློག་བརྡའི་ནུས་པ་གཙོ་བོ་ནི་རླངས་འཁོར་དང་རྒྱ་ལམ་འགྲུལ་པའི་འགྲོ་སྐྱོད་བྱེད་དབང་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་ཐུབ་ཆེད་རེད། “འགྲོ་ལམ་འགྲིམ་འགྲུལ་གྱི་གློག་བརྡར་བརྩི་སྲུང་མ་ཞུས་པར་སྐྱོད་པའི”འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཀྱིས་འཁོར་རིགས་སོ་སོར་དབང་བའི་འགྲོ་ལམ་གྱི་ཁྱབ་ཁོངས་བགོ་བཤའི་སྒྲིག་སྲོལ་ལ་གཏོར་བཤིག་ཚབས་ཆེན་གཏོང་བ་མ་ཟད། འགྲིམ་འགྲུལ་ལས་འཛོལ་ཡང་ཐོན་སླ་བའི་ཁར་རང་གཞན་གཉིས་ཀའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོ་ཡི་ཡོད། “རྒྱ་ཆེའི་ཁ་ལོ་བ་ཚོས་ངེས་པར་དུ་འགྲིམ་འགྲུལ་གྱི་གློག་བརྡར་བརྩི་སྲུང་ནན་པོ་ཞུས་ནས་བདེ་འཇགས་དང་ཡ་རབས་ངང་རླངས་འཁོར་གཏོང་དགོས”པའི་དྲན་སྐུལ་ཞུས་འདུག

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།