དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • བོད་ཀྱིས་ལམ་ཟུར་དུ་ཟས་རིགས་འཚོང་མཁན་ལ་གཙོ་གནད་དོ་དམ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-11

    འདི་ལོའི་ཚུན་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལམ་ལུགས་དང་། ལྟ་སྐུལ་མཛུབ་ཁྲིད། ཞིབ་བཤེར་སོགས་ལས་ཀའི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། བཟའ་བཅའི་བདེ་འཇགས་ལས་དོན་གྱི་གཏོགས་ཁོངས་ལས་རིགས་ཀྱི་ལྟ་འདོམས་འགན་འཁྲི་དང་གཏོགས་ཁོངས་ཁུལ་དོ་དམ་གྱི་འགན་འཁྲི་ཟམ་མི་ཆད་པར་ནན་དུ་བཏང་ཡོད་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་གྲོང་ཁྱེར་དོ་དམ་ཅུས་ལ་མཛུབ་ཁྲིད་བྱས་ཏེ། ལམ་ཟུར་དུ་ཟས་རིགས་འཚོང་མཁན་གྱི་དོ་དམ་ལ་གཙོ་གནད་ཤུགས་བརྒྱབ་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལམ་ཟུར་དུ་ཟས་རིགས་འཚོང་མཁན་གྱི་དོ་དམ་ལ་དམིགས་ཏེ་ཕྱོགས་གཅིག་ནས་རང་ལྗོངས་ཀྱི་གྲོང་ཁྱེར་དོ་དམ་སྡེ་ཚན་གྱིས་ཚོང་པ་ཉི་ཚེ་བའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་ཤུགས་བརྒྱབ་ནས“721”ཀྱི་ལས་ཀའི་བྱེད་ཐབས་དོན་འཁྱོལ་བྱས་པ་ལས་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་དང་། གྲོང་ཁྱེར་དོ་དམ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་ལམ་ལུགས་བཅས་རང་འགུལ་ངང་བརྩི་སྲུང་ཐུབ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་མི་དམངས་མང་ཚོགས་ལ་བདེ་ཐང་དང་ཚུལ་མཐུན་གྱི་འཛད་སྤྱོད་འདུ་ཤེས་ཆགས་པར་ཁྲིད་སྟོན་དང་། ཁྲིམས་འགལ་གྱི་ལམ་ཟུར་དུ་ཟས་རིགས་འཚོང་མཁན་གྱིས་བདེ་ཐང་བདེ་འཇགས་ལ་བཟོས་པའི་མངོན་མེད་རྐྱེན་ངན་རང་རྟོགས་ངང་བཀག་འགོག་བྱས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས་ཁོངས་གཏོགས་ཁུལ་གྱི་རུ་ཆེན་ནས་ཁྲིམས་སྒྱུར་རུ་མི་སྐོང་འཐེན་བྱས་ནས་ཕྱི་རོལ་གྱི་བསྲེགས་ཟས་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་ཚོགས་ཆུང་བཙུགས་ཏེ། གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་ངན་པ་བཟོ་བ་དང་བཟའ་བཅའི་བདེ་འཇགས་དང་ཁོར་ཡུག་འཕྲོད་བསྟེན་གྱི་མངོན་མེད་རྐྱེན་ངན་ཡོད་པའི་ཚོང་པ་ཉི་ཚེ་བར་གཅིག་སྡུད་ཐོག་ཆེད་དོན་བཅོས་སྒྲིག་བྱས་ཤིང་། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་ཡོད་པའི་ལམ་ཟུར་དུ་ཟས་རིགས་འཚོང་མཁན་དང་། སྒྲིག་འགལ་ངང་ཕྱི་རོལ་དུ་མཚན་ཟས་དང་བསྲེགས་ཟས་འཚོང་བ་དང་། འགྲོ་ལམ་བཟུང་ནས་ཁྲོམ་བཀྱག་འཛུགས་པ་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱས་ཤིང་། མིག་སྔའི་བར་རྫོང(ཆུས)གྲོང་ཁྱེར་དོ་དམ་ཅུས་ཀྱིས་ལམ་ཟུར་དུ་ཟས་རིགས་འཚོང་མཁན་5743གཙང་བཤེར་དང་བཅོས་སྒྲིག་བྱས་པ་དང་། འགྲོ་ལམ་བཟུང་ནས་ཚོང་གཉེར་བྱེད་པའི་བྱེད་སྤྱོད་4490བཅོས་སྒྲིག་བྱས་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཀྱིས་ལེབ་བཤེར་རྣམ་པའི་ལམ་ཟུར་དུ་ཟས་རིགས་འཚོང་མཁན་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་ཞིང་། དེའི་རིང་ཁྲིམས་སྒྱུར་མི་སྣ་མི་ཐེངས་བསྡོམས་1300ལྷག་ཙམ་དང་ཁྲིམས་སྒྱུར་རླངས་འཁོར་ཐེངས་60ལྷག་ཙམ་བཏང་ཡོད་པ་དང་། གཞུང་ལམ་དུ་སྐོར་ཞིབ་ཐེངས་85བྱས་པ། ལམ་ཟུར་དུ་ཟས་རིགས་འཚོང་མཁན་640ལྷག་ཙམ་ལ་སློབ་གསོ་ཁྲིད་སྟོན་བྱས་པ། ཚོང་ཁང་ཕྱི་རོལ་དུ་ཚོང་གཉེར་དང་འགྲོ་ལམ་བཟུང་ནས་ཚོང་གཉེར་བྱེད་མཁན་གྱི་ཚོང་དུད་70ལྷག་ཙམ་བཅོས་སྒྲིག་བྱས་པ་དང་། ཆབས་ཅིག་གཟའ་མཇུག་གི་ལམ་ཟུར་དུ་ཟས་རིགས་འཚོང་མཁན་ལ་བཅོས་སྒྲིག་བྱེད་པའི་བྱེད་སྒོ་སྤེལ་ནས་གྲོང་ཁྱེར་གྱི་ཐང་ཆེན་དང་ལུས་རྩལ་ཐང་སོགས་མི་སྣ་གཅིག་སྡུད་ཆེ་བའི་ལམ་ཟུར་དུ་ཟས་རིགས་འཚོང་མཁན་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཞིང་ཟོག་ཁྲོམ་ར་དང་དེ་བཞིན་ཟ་ཁང་ཁག་གི་དོ་དམ་ཚན་པས་ཁྲོམ་རའི་ཉེ་འཁོར་གྱི་ཁོར་ཡུག་གཙང་སྦྲའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལྟ་སྐུལ་བྱས་ནས་སྒོ་མདུན་གྱི་འགན་ལེན་ལྔའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཀྱིས་སྔ་རྗེས་སུ་ལམ་ཟུར་དུ་ཟས་རིགས་འཚོང་མཁན་ལ་བཅོས་སྒྲིག་བྱེད་པའི་ལས་དོན་ཐེངས་10ལྷག་ཙམ་སྤེལ་བ་དང་། རླངས་འཁོར་ཐེངས་གྲངས་50ལྷག་ཙམ་དང་མི་ཐེངས་200ལྷག་ཙམ་བཏང་ནས་གྲོང་ཁུལ་དང་དེ་བཞིན་སློབ་གྲྭའི་ཉེ་འཁོར་གྱི་ལམ་ཟུར་དུ་ཟས་རིགས་འཚོང་མཁན་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱས་ནས་མང་ཚོགས་ཀྱི་བཟའ་བཏུང་བདེ་འཇགས་འགན་ལེན་བྱས་ཡོད་པ་རེད། ལམ་ཟུར་དུ་ཟས་རིགས་འཚོང་མཁན་བསྡོམས་200ལྷག་ཙམ་ལ་སློབ་གསོ་ཁྲིད་སྟོན་བྱས་པ་དང་ལམ་ཟུར་དུ་ཟས་རིགས་འཚོང་མཁན་15བཅོས་སྒྲིག་བྱས་ཏེ། 《ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག》ལ་གཞིགས་ནས་གྱོད་དོན་15གྱོད་ཁོངས་སུ་བཅུག་ནས་སྒྲུབ་གཉེར་བྱས་པ་དང་དངུལ་ཆད་སྒོར་1820བཏང་ཡོད་པ་རེད།

    གྲོང་ཁྱེར་དང་ས་ཁུལ་གཞན་དག་གི་གྲོང་ཁྱེར་དོ་དམ་ཅུས་ཀྱིས་རྒྱུན་གཏན་གྱི་སྐོར་ཞིབ་ལས་དོན་སྤེལ་ཤུགས་དང་ཐེངས་གྲངས་མང་དུ་བཏང་ནས་གཙོ་གནད་ས་ཁོངས་དང་ཁུལ་ཁོངས་ལ་དོ་དམ་དང་ཚོད་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལམ་ཟུར་དུ་ཟས་རིགས་འཚོང་མཁན་ལ་སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་གྱི་བྱ་ཐབས་མཐའ་འཁྱོངས་བྱས་ཏེ། སྐོར་ཞིབ་བྱེད་རིང་གྲོང་ཁྱེར་དོ་དམ་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་ལྷག་པར་དུ་སློབ་གྲྭའི་ཉེ་འཁོར་དུ་བཟའ་བཅའི་འཕྲོད་བསྟེན་བདེ་ཐང་ཐད་དྲིལ་བསྒྲགས་བྱས་ནས་ཁྲིམས་འགལ་གྱི་ལམ་ཟུར་དུ་ཟས་རིགས་འཚོང་མཁན་ལ་རྡུང་རྡེག་ཡག་པོ་བཏང་བ་དང་གྲོང་ཁུལ་གྱི་རྣམ་པ་བཟང་པོ་སྲུང་སྐྱོང་བྱས་ནས་མང་ཚོགས་ལ་འཛད་སྤྱོད་ཀྱི་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།