དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲིམས་ལྟར་སྲིད་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན།

    རང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱས་པའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-05

    2022ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་སྐྱོད་པ་དང་། ཁྲིམས་ལྟར་བོད་སྐྱོང་རྒྱུ་མཐའ་འཁྱོངས། ཁྲིམས་ལྟར་སྲིད་འཛིན་པར་སྐུལ་འདེད་གཏིང་ཟབ། ཕྱོགས་ཡོངས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་ཡོད།

    ཁྲིམས་ལྟར་སྲིད་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་གཞུང་གི་བྱ་སྤྱོད་དེ་ཁྲིམས་སྐྱོང་གི་ལམ་སྲོལ་ཐོག་འཁོར་སྐྱོད་ཚད་ལྡན་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

    གོ་རིམ་གྱི་གཏན་འབེབས་དོན་འཁྱོལ་བྱས་ནས་སྲིད་འཛིན་ཐབས་ཇུས་ཀྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་བཏང་བ། ཚན་རིག་དང་མཐུན་པའི་ཇུས་ཐག་དང་། དམངས་གཙོའི་ཇུས་ཐག ཁྲིམས་བཞིན་ཇུས་ཐག་གཅོད་པ་བཅས་མཐའ་འཁྱོངས་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《གལ་ཆེའི་སྲིད་འཛིན་ཇུས་ཐག་གཅོད་པའི་ལས་རིམ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག》དང་། རང་ལྗོངས་ཀྱི་གནས་སྐབས་ལག་ལེན་བསྟར་རྒྱུའི་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ། ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་དང་བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གལ་ཆེན་གསུམ་དང་ཕོན་ཆེན་གཅིག” གི་དོན་གནད་ཇུས་ཐག་གཅོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས། ཚན་པ་48ལ་འགན་དབང་དོན་ཚན་2700ཙམ་གྱི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་དང་། སྲིད་གཞུང་གི་སྒྲིག་སྲོལ་4དང་སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་34ལ་ཞིབ་བཤེར་ཐོ་འགོད་བྱས་ཡོད།

    བཅའ་ཁྲིམས་ལྟར་དབང་ཆ་སྤྱོད་པར་དམིགས་ནས་སྲིད་འཛིན་ཁྲིམས་སྒྱུར་བྱ་སྤྱོད་ཚད་ལྡན་དུ་ཏན་ཏིག་བཏང་བ། སྲིད་འཛིན་ཁྲིམས་སྒྱུར་ཡོངས་བསྒྲགས་དང་། ཁྲིམས་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོ་ཟིན་ཐོར་འགོད་པ། ཁྲིམས་སྒྱུར་གལ་ཆེན་ཡིན་ཕྱིན་ཁྲིམས་ལུགས་ཞིབ་བཤེར་གྱིས་ཐག་གཅོད་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ཆ་འཕྲིན་མ་ལག་བཙུགས་པ་དང་། རྒྱལ་ཡོངས་སུ་གཅིག་གྱུར་གྱི་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ལག་ཁྱེར་ཁྲི་4ལྷག་ཙམ་བརྗེ་སྒྱུར་གྱིས་སྲིད་འཛིན་ཁྲིམས་སྒྱུར་གྱི་བརྒྱུད་རིམ་ཚད་ལྡན་བཟོས་ནས། ལག་ཁྱེར་ཁྱེར་ཏེ་ལས་ཐོག་ཏུ་སྐྱོད་པ་དང་ལག་ཁྱེར་བསྟན་ནས་ཁྲིམས་སྒྱུར་བྱེད་རྒྱུ་ཁྱབ་སྤེལ་བཏང་ཡོད། ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཡང་བའི་རིགས་ལ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་མི་གཅོད་པ་དང་། རིམ་ཁག་སྲིད་གཞུང་སྡེ་ཚན་གྱིས་སྲིད་འཛིན་ཁྲིམས་སྒྱུར་གྱོད་དཔེའི་ཁྲིད་སྟོན་ལམ་ལུགས་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་བ་མ་ཟད་དུས་བཀག་ལྟར་ཁྱབ་བསྒྲགས་བྱེད་པར་སྐུལ་འདེད་བཏང་ཡོད། ཁྱབ་ཁོངས་དང་སྡེ་ཚན་ལས་བརྒལ་བའི་མཉམ་འབྲེལ་ཁྲིམས་སྒྱུར་དང་། མཉམ་དུ་ཁྲིམས་སྒྱུར་གྱི་སྒྲིག་འཛུགས་བཀོད་འདོམས། སྤྱི་འདོམས་མཐུན་སྦྱོར་བཅས་ཡོང་བར་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་ཁྲིམས་སྒྱུར་ཆེད་དོན་ལྟ་སྐུལ་ལས་དོན་སྤེལ་ཡོད།

    ཕན་ནུས་ཆེ་ཞིང་སྟབས་བདེ་བ་ཡོང་བར་བསྟུན་ནས་སྲིད་འཛིན་བསྐྱར་གྲོས་སྒྲིག་སྲོལ་སྒྱུར་བཅོས་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་བསྐྱར་གྲོས་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཇུས་གཞི་བཟོས་ཏེ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྲིད་འཛིན་བསྐྱར་གྲོས་ཀྱི་འགན་འཁྲི་གཅིག་སྡུད་བསྡུ་སྒྲིལ་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཚོམས་ཆེན་དུ་ཁྱོན་ཡོངས་ནས་ལས་དོན་སྤེལ་ཏེ། གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)ཁག་ཚང་མས་རིམ་པ་དེ་གའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་སུ་སྲིད་འཛིན་བསྐྱར་གྲོས་ཀྱི་འདྲི་རྩད་སྣེ་ལེན་གྱི་སྐར་ཁུང་བཙུགས་ནས། ལྗོངས་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་2558ནས་82བར་ཉུང་དུ་བཏང་སྟེ་གཅིག་གྱུར་བདག་སྤྲོད་དང་། ཐག་གཅོད། གཏན་འབེབས། སྐྱེལ་བ་བཅས་བྱས་ཡོད།

    ལྟ་སྐུལ་ཚོད་འཛིན་བྱས་ནས་སྲིད་འཛིན་དབང་ཆ་འཁོར་སྐྱོད་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་བ། སྲིད་གཞུང་གི་དཔྱད་མོལ་ལམ་ལུགས་བཙུགས་ཏེ་རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། དམངས་གཙོའི་ལྟ་སྐུལ། ཁྲིམས་འཛིན་གྱི་ལྟ་སྐུལ། སྤྱི་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་བཅས་དང་ལེན་བྱས་པས། ལོ་ཧྲིལ་པོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་གཞི་230དང་། རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་310ཐག་གཅོད་བྱས་ནས་ལན་སློག་ཚད་དང་བློ་ཡིད་ཚིམ་ཚད་གཉིས་ཀ་100%ཟིན་ཡོད།

    གློད་སྡོམ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་དམིགས་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ།

    “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་མུ་མཐུད་ཇེ་ཟབ་ཏུ་བཏང་བ། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་དང་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ། རང་སྐྱོང་ལྗོངས་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་གི“དྲ་བ་གཅིག་དང་ལས་སྟེགས་གསུམ”བསྐྲུན་ནས“དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ་བྱེད་ཐབས”ལག་ལེན་བསྟར་བས། དམངས་འཚོ་དང་འབྲེལ་བའི་སྡོད་ཁང་དང་། སྨན་བཅོས། སློབ་གསོ། ཐེམ་ཐོ་སོགས་ཀྱི་ལས་སྒོ་སྤྱིར་ན་དྲ་ཐོག་དང་། ལག་ཐོགས་ཁ་པར། འཕྲུལ་ཆས་ནས་གཉེར་ཆོག་པས། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྲིད་དོན་ཞབས་ཞུའི་བྱ་བ་དྲ་ཐོག་ཏུ་བསྒྲུབས་ཚད་ཁག་སོ་སོར་98.3%དང་། 83% 82.5%བཅས་ཟིན་ཡོད། སྲིད་དོན་ཚོམས་ཆེན་དུ་དམངས་ཕན་ཞབས་ཞུའི་དོན་གནད་ཁག་གཉེར་ཆོག་པས། སྤྱིར་ན“ཞིང་ཆེན་བསྒྲལ་ནས་སྒྲུབ་པ་དང་། ཐེངས་གཅིག་ལ་སྒྲུབ་ཐུབ”ཡོད། ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐོ་འགོད་སའི་སྐར་ཁུང་20བཙུགས་ཡོད་སྟབས། ཐོ་འགོད་དང་། ཉོ་ཚོང་། ཁྲལ་བསྡུ་སོགས“སྐར་ཁུང་གཅིག་ནས་སྒྲུབ་ཆོག་པ་དང་མཉམ་དུ་སྒྲུབ་ཆོག”པ། ལྗོངས་ཡོངས་ཀྱི་ཚོང་དོན་སྲིད་དོན་ཞབས་ཞུའི་དོན་གནད་སྒྲུབ་པར“དོན་གནད་20ཙམ་ཐེངས་གཅིག་ལ་སྒྲུབ་ཆོག་པ་དང་། དོན་གནད་ཁག་6དྲ་བ་གཅིག་ནས་སྒྲུབ་ཆོག”པས་ལས་གཉེར་གྱི་དུས་ཚོད་ཕྱེད་ཀ་ལྷག་ཙམ་ཐུང་དུ་ཕྱིན་ཡོད།

    ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། ལྗོངས་ཡོངས་ཀྱི་སྲིད་དོན་ཁོར་ཡུག་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ལྷོ་ནུབ་ས་ཁུལ་གྱི་སྲིད་དོན་ལ་ཞབས་འདེགས་ཞུ་བའི“ཞིང་ཆེན་བསྒྲལ་ནས་སྒྲུབ་ཆོག་པའི”ལས་དོན་ཇུས་གཞི་བཟོས་ནས་ལག་ལེན་བསྟར་ཞིང་། ཁྲོམ་རའི་དྲང་གཞག་སྲུང་སྐྱོང་ཧུར་ཐག་བྱ་ཆེད་ཡིག་ཆ་200ལྷག་ལ་འདྲ་མཉམ་འགྲན་རྩོད་ཀྱི་རྩ་དོན་གཞིར་བཟུང་ཞིབ་བཤེར་བྱས་པ་མ་ཟད། ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ངན་པར་ཁ་གཏད་ནུས་ལྡན་གཅོག་ཆེད། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མང་བསྡུས་སྲིད་ཇུས་ཀྱི་བྱ་ཐབས་38དང་གནས་སྐབས་ཀྱི་བྱ་ཐབས་29སྔ་རྗེས་སུ་བཏོན་པས། ཁྲལ་རིན་གཉིས་གཅོག་དང་། ཁེ་ལས་ལ་རོགས་སྐྱོར། ལས་གནས་བརྟན་གཏོང་། མ་གནས་དམའ་རུ་གཏོང་བ། འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་ཞིབ་ཚགས་སུ་ཕྱིན་ཡོད།

    དམངས་ལ་ཕན་འདོགས་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མཁོ་འདོན་འགན་ལེན་ནུས་པ་གནད་སྨིན་ངང་ཆེ་རུ་བཏང་བ།

    སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་བ། ལྗོངས་ཡོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་ལོ་ལྔའི་འཆར་གཞི་བཟོས་ནས། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དངོས་གཞིའི་ལས་སྟེགས་སྤྱིར་ན་བསྐྲུན་ཟིན་པ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་82སྒོ་བྱང་བཀལ་ནས་བཙུགས་པ། ཤང་དང་གྲོང་རྡལ་གྱི་ཞབས་ཞུའི་ལས་དོན་ས་ཚིགས་26ཚོད་ལྟའི་ངང་འཁོར་སྐྱོད་བྱས་ཡོད། རིམ་ཁག་བཅའ་ཁྲིམས་རོགས་སྐྱོར་སྒྲིག་གཞིས་མི་ཐེངས་ཁྲི་1.35ལྷག་ཙམ་ལ་རིན་མེད་པར་བློ་འདྲིའི་ཞབས་ཞུ་མཁོ་འདོན་དང་། གྱོད་གཞི་སྣ་ཚོགས་3100ལྷག་ཙམ་བཅའ་ཁྲིམས་ཀྱི་རོགས་སྐྱོར་ལ་བརྟེན་ནས་བདག་སྤྲོད་བྱས་ཏེ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་4000ལྷག་ཙམ་མི་ཕོག་པ་བྱས་ཡོད།

    འགལ་བ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་། འགལ་བ་དང་རྩོད་གཞི་གྲལ་བཤེར་གཏིང་ཟབ་བྱས་ནས། མི་དམངས་འདུམ་འགྲིག་དང་། ཁྲིམས་འཛིན་འདུམ་འགྲིག སྲིད་འཛིན་འདུམ་འགྲིག་བཅས“འདུམ་འགྲིག་གསུམ་མཉམ་འགུལ”ལག་ལེན་བསྟར་བར། འགལ་བ་3600ལྷག་ལ་འདུམ་འགྲིག་ནུས་ལྡན་དང་། རྩོད་གཞི་1100ལྷག་ཙམ་སྔོན་འགོག་བྱས་པས་ལེགས་གྲུབ་ཐུབ་ཚད་95%ཡན་ཟིན་ཡོད། འབྲེལ་ཡོད་ཕྱོགས་ཀྱིས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྦད་དེ་ཐག་གཅོད་བྱེད་པའི་ཆེད་དོན་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ་ཏེ། གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་27གྲལ་བཤེར་དང་ཐག་གཅོད་བྱས་པར་རིམ་རྩིས་བྱས་ན་གླ་ཆ་སྒོར་ཁྲི་7300ལྷག་ཙམ་སྤྲད་ཡོད།

    དམངས་ཡོངས་ཀྱི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་བཏང་བ། “ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “བཅའ་ཁྲིམས་ཁྱབ་སྤེལ་བདུན”མུ་མཐུད་གཏིང་ཟབ་ཏུ་གཏོང་བ། “རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་གྲོང་ཚོ(གྲོང་ལྷན)72བཏོད་པ། “བཅའ་ཁྲིམས་ཤེས་མཁན”ཁྲི་2.12ལྷག་ཙམ་གསོ་སྐྱོང་བྱས་པ། ས་གནས་ཁག་དང་། སྡེ་ཚན་ཁག་དང་ཏང་ཡོན་ལས་བྱེད་པའི་ཁྲིམས་ལྟར་སྲིད་འཛིན་པའི་འདུ་ཤེས་ཁྱོན་ཡོངས་ནས་ཟབ་ཏུ་གཏོང་བ་བཅས་བྱས་པས། སྤྱི་ཚོགས་ཡོངས་སུ་རང་རྟོགས་ངང་ཁྲིམས་སྲུང་བ་དང་། བྱ་བ་སྒྲུབ་སྐབས་ཁྲིམས་ལ་གཞིགས་པ། གནས་ཚུལ་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།