དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ཀྱིས“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོའི་དྲིལ་བསྒྲགས་ བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-05

    ཟླ་6ཚེས་26ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཐེངས་སོ་དྲུག་པ་རེད། རང་སྐྱོང་ལྗོངས་དུག་འགོག་གཞུང་དོན་ཁང་གིས་ལྷ་ས་གྲོང་ཁྱེར་དུག་འགོག་གཞུང་དོན་ཁང་དང་མཉམ་དུ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ“གནོད་མེད་དུག་མེད་ཀྱི་བོད་ལྗོངས། ང་ཚོ་ཚང་མས་མཉམ་དུ་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་དུག་འགོག་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཧུང་པོ་བྱེད་སྒོར་ཕེབས་ཡོད་པ་རེད།

    ལིའུ་ཅང་གིས་ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས། རིམ་ཁག་དུག་འགོག་སྡེ་ཚན་ལ་ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་འཕེལ་རྒྱས་ཤུགས་ཆེན་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་གཞོན་ནུ་ལོ་ཆུང་གི་ཚོགས་སྤྱི་གཙོ་བོར་བཟུང་ཐོག་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་ནས་དུག་འགོག་དྲིལ་བསྒྲགས“ཁྱབ་སྤེལ་བརྒྱད”ཀྱི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་དང་། སྤྱི་ཚོགས་ཡོངས་དུག་འགོག་ལས་དོན་ལ་ཞུགས་པའི་ཧུར་སེམས་རྒྱ་ཁྱབ་འཕེལ་བར་བྱས་ནས། “བདེ་ཐང་གི་མི་ཚེ། གནོད་མེད་དུག་མེད”ཀྱི་རྣམ་པ་ཟབ་མོ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ། དུས་དང་རྣམ་པ་ཀུན་ཏུ་རྡུང་རྡེག་ནན་པོ་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས། རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་དུག་རྫས་དང་འབྲེལ་བའི་གྱོད་གཞི་གལ་ཆེན་ཁག་གཅིག་མྱུལ་ཞིབ་སྒྲུབ་གཉེར་དང་། དུག་ཚོང་མཁན་ཁག་ཅིག་འཛིན་བཟུང་། དུག་རྫས་ཁག་གཅིག་རྩིས་ལེན་བཅས་བྱས་ནས། སྤྱི་ཚོགས་ཡོངས་སུ་དུག་རྫས་ཉེས་གསོག་ལ་ཚང་མས་མཉམ་རྡུང་བྱེད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། དུག་འགོག་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དུག་འགོག་དཔུང་ཁག་ཧྲག་པོ་ཞིག་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    གཞན་ཡང་། བྱེད་སྒོའི་ཁྲོད། འགོ་ཁྲིད་ཚོས་རང་ལྗོངས་ཀྱི“བོད་ཀྱི་དུག་འགོག་བརྡར་པ”དང“དུག་བཟོའི་རྫས་འགྱུར་དངོས་པོ་ཆེད་དོན་དོ་དམ་བྱེད་མཁན་མི་དམངས་ཉེན་རྟོག་པ་ཕུལ་བྱུང་གི”འཐུས་མིར་འཚམས་འདྲི་གནང་བ་དང་སྦྲགས་དྲིལ་བསྒྲགས་བྱེད་སྒོར་མཛུབ་ཁྲིད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་དུག་འགོག་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་12ཀྱིས་དྲིལ་བསྒྲགས་ས་ཚིགས་བཙུགས་ཐོག་རང་ངོས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་དུག་འགོག་དྲིལ་བསྒྲགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དྲུག་པའི་དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་ཐོག“དམངས་ཡོངས་ལ་སྤྲིན་ཚོམ་ཁྱབ་སྤེལ་ཐེངས་གཅིག དྲ་ཐོག་དྲ་ཕྱིའི་ཟུང་འབྲེལ་ཐེངས་གཅིག བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས་གཅིག སྨྱན་སྦྱོར་ཡོངས་ཀྱིས་སྤེལ་གཏོང་ཐེངས་གཅིག”བཅས་ཀྱི་རྣམ་པར་བརྟེན་ནས་དུག་འགོག་ཤེས་བྱ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ཞིང་། མི་ཁྲི་3ལྷག་དུག་འགོག་ཤེས་བྱའི་དྲ་ཐོག་ལན་འདེབས་བྱེད་སྒོར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།