དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་སར་གློག་སྒུལ་སྦག་སྦག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་བྱས་པར་ཕན་འབྲས་རགས་ཙམ་ཐོན་པ།

    ​ གྲོང་ཁུལ་གཙོ་བོར་བདེ་འཇགས་སྲུང་ཞྭ་གྱོན་ཚད་85%ཡན་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-04

    འདི་ནི་གློག་སྒུལ་སྦག་སྦག་གཏོང་མཁན་གྱིས་རང་འགུལ་ངང་བདེ་འཇགས་སྲུང་ཞྭ་གྱོན་ནས་ལམ་མདོར་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཁ་བཀག་སར་གློག་བརྡ་དམར་པོ་སྒུག་ནས་སྡོད་པའི་གནས་ཚུལ་ཡིན་པ།

    ཡ་རབས་འགྲིམ་འགྲུལ།

    ལྷ་སའི་བྱ་སྤྱོད།

    འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་དང་ཚོད་འཛིན་ལ་སྐུལ་འདེད་ནན་པོ་གཏོང་བ་དང་། གློག་སྒུལ་སྦག་སྦག་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ། གློག་སྒུལ་སྦག་སྦག་འགྲོ་སྐྱོད་ཀྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་བྱ་ཆེད། ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གློག་སྒུལ་སྦག་སྦག་གིས་གློག་བརྡ་དམར་པོ་སྒྲོལ་བ་དང་། བདེ་འཇགས་སྲུང་ཞྭ་མི་གྱོན་པ། སྒྲིག་འགལ་ངང་མི་བསྐྱོན་པ། ལམ་ལྡོག་ནས་གཏོང་བ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་དྲིལ་བསྒྲགས་དང་ཁ་ཏ་སློབ་གསོ་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་མཐར་གྲོང་མི་ཚོའི་གློག་སྒུལ་སྦག་སྦག་བཞོན་པའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཏེ་ཡ་རབས་ངང་ཕྱིར་སྐྱོད་པའི་རྣམ་པ་ཞིག་ཆགས་ཡོད། མིག་སྔའི་བཅོས་སྒྲིག་ལ་བལྟས་ན། གློག་སྒུལ་སྦག་སྦག་གི་ཁྲིམས་འགལ་བཅོས་སྒྲིག་ལ་ཕན་འབྲས་རགས་ཙམ་ཐོན་པ་དང་གྲོང་ཁུལ་གཙོ་བོར་བདེ་འཇགས་སྲུང་ཞྭ་གྱོན་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་85%ཡན་ཟིན་ཡོད།

    ཉེ་ཆར། གསར་འགོད་པ་སྣེའུ་ལམ་ཆེན་དང་དུས་རབས་ལམ་ཆེན་གྱི་ལམ་མདོར་སླེབས་སྐབས། ལས་ཀ་གྲོལ་བའི་དུས་ཚོད་དང་ཏག་ཏག་འཁེལ་བས་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་མཁན་ཧ་ཅང་མང་པོ་འདུག ཡུད་ཙམ་ལྟ་ཞིབ་བྱས་པ་བརྒྱུད། གསར་འགོད་པར་གློག་སྒུལ་སྦག་སྦག་གཏོང་མཁན་མང་ཆེ་བས་སྲུང་ཞྭ་གྱོན་ཡོད་པ་མ་ཟད། རང་འགུལ་ངང་སྒྲིག་ལམ་སྲུང་གི་ཡོད་པས་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་ཡོད་པ་མཐོང་བྱུང་། གྲོང་མི་ནོར་བུ་དོན་གྲུབ་ཀྱིས་གསར་འགོད་པར“ང་ལས་ཀར་འགྲོ་སྐབས་གློག་སྒུལ་སྦག་སྦག་བཞོན་གྱི་ཡོད། སྲུང་ཞྭའང་ཡག་པོ་གྱོན་གྱི་ཡོད། ངས་འཕྲུལ་སྒུལ་ལམ་མིན་པར་འགྲོ་བ་ལས་འཕྲུལ་སྒུལ་འཁོར་ལམ་དུ་འགྲོ་གི་མེད། དེ་འདྲ་བྱས་ན་རང་གཞན་གཉིས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་འཁུར་བ་ཞིག་རེད”ཅེས་བཤད་བྱུང་།

    དུས་འགོའི་གློག་སྒུལ་སྦག་སྦག་གི་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་བྱས་འབྲས་སྲ་བརྟན་དུ་གཏོང་ཆེད། ཉིན་དེའི་ཕྱི་དྲོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྣེའུ་རུ་ཆེན་ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ལམ་མདོ་ཁག་ཏུ་གློག་སྒུལ་སྦག་སྦག་གི་འགྲིམ་འགྲུལ་སྒྲིག་ལམ་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་གློག་སྒུལ་སྦག་སྦག་གཏོང་མཁན་གྱིས་གློག་བརྡ་དམར་པོ་སྒྲོལ་བ་དང་། ལམ་ལྡོག་ནས་གཏོང་བ། བདེ་འཇགས་སྲུང་ཞྭ་གྱོན་མེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་དང་བཅོས་སྒྲིག་ཏན་ཏིག་བྱས་ཏེ་དམ་བསྒྲགས་ཀྱི་རྣམ་པ་ཞིག་བཏོད་ཡོད། “སྐུ་ཁམས་བཟང་། བདེ་འཇགས་སྲུང་ཞྭ་ཡག་པོ་གྱོན་དགོས། དེ་འདྲ་བྱས་ན་གཞི་ནས་བདེ་འཇགས་འགན་ལེན་ཡོང་ཐུབ”སྣེའུ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ལི་ཧུང་ཅེས་གློག་སྒུལ་སྦག་སྦག་གི་གཏོང་མཁན་ཞིག་གིས་བདེ་འཇགས་སྲུང་ཞྭ་ཡག་པོ་གྱོན་མེད་པ་ཤེས་འཕྲལ། མི་དེ་བཀག་ནས་བདེ་འཇགས་ཁུལ་དུ་ཁྲིད་རྗེས་བདེ་འཇགས་སྲུང་ཞྭའི་གལ་ཆེའི་རང་བཞིན་དང་དེ་བཞིན་ཡང་དག་པའི་བདེ་འཇགས་སྲུང་ཞྭ་གྱོན་སྟངས་གསལ་བཤད་བྱས་པ་དང་། གློག་སྒུལ་སྦག་སྦག་བཞོན་མཁན་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་འགུལ་ངང་འགྲོ་ལམ་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་རྒྱུར་ཁྲིད་སྟོན་བྱས་ཡོད།

    ལི་ཧུང་ཅེས། ཉིན་ཤས་བསྟུད་མར་ཁོངས་གཏོགས་ཁུལ་གྱི་གློག་སྒུལ་སྦག་སྦག་འགྲོ་སྐྱོད་གོ་རིམ་ལྡན་པ་དང་གློག་སྒུལ་སྦག་སྦག་གི་འགྲིམ་འགྲུལ་ལས་འཛོལ་མི་ཐོན་སྔོན་འགོག་ནུས་ལྡན་དང་ཉུང་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གློག་སྒུལ་སྦག་སྦག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་བྱ་རྒྱུ་དེ་མིག་སྔའི“ཉུང་གཏོང་དང་ཚོད་འཛིན་ཤུགས་ཆེན”ལས་ཀའི་གྲས་ཤིག་ཏུ་བརྩིས་ནས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ“ས་ཚིགས་སྲུང་བ་དང་། ལམ་ཐིག་སྐོར་ཞིབ། ཁྱོན་ཡོངས་ལ་ཚོད་འཛིན”བཅས་ཀྱི་ལས་སྒྲུབ་བྱེད་སྟངས་སྤྱད་ནས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་ཐོག་གློག་སྒུལ་སྦག་སྦག་བཞོན་སྐབས་གཏན་འབེབས་ལྟར་བདེ་འཇགས་སྲུང་ཞྭ་གྱོན་མེད་པ་དང་། སྒྲིག་འགལ་ངང་མི་བསྐྱོན་པ། ལམ་ལྡོག་ནས་གཏོང་བ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་དང་བཅོས་སྒྲིག་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “མིག་སྔར། ལྷ་ས་གྲོང་ཁྱེར་དུ་གློག་སྒུལ་སྦག་སྦག་གི་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་བྱེད་རྒྱུ་རྒྱུན་རྣམ་ཅན་དུ་གྱུར་ཡོད་པ་དང་བཅོས་སྒྲིག་ལ་ཕན་འབྲས་རགས་ཙམ་ཐོན་ནས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁུལ་གཙོ་བོར་གློག་སྒུལ་སྦག་སྦག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་། བདེ་འཇགས་སྲུང་ཞྭ་གྱོན་མཁན་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་གྱོན་ཚད་85%ཟིན་ཡོད། ལི་ཧུང་ཅེས“གོམ་སྟབས་རྗེས་མར་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གློག་སྒུལ་སྦག་སྦག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཆོས་ཉིད་དང་ཁྱད་ཆོས་ལ་དམིགས་ནས་ལམ་ངོས་བཅོས་སྒྲིག་དང་དྲིལ་བསྒྲགས་དང་ཉེན་བརྡ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་གློག་སྒུལ་སྦག་སྦག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་གི་བྱ་སྤྱོད་རྒྱུན་མཐུད་སྤེལ་ནས། གློག་སྒུལ་སྦག་སྦག་གཏོང་མཁན་གྱིས་གློག་བརྡ་དམར་པོ་སྒྲོལ་བ་དང་། སྒྲིག་འགལ་ངང་མི་བསྐྱོན་པ། ལམ་ལྡོག་ནས་གཏོང་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་ནུས་ཤུགས་ཡོད་རྒུས་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ལེགས་སུ་བཏང་ནས་བདེ་འཇགས་དང་ཤེས་དཔལ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཅིག་གཏོད་རྒྱུ་རེད། མཇུག་ཏུ་ང་ཚོས་རྒྱ་ཆེའི་གློག་སྒུལ་སྦག་སྦག་གཏོང་མཁན་ཚོར་སྦག་སྦག་བཞོན་ནས་འགྲོ་སྐྱོད་བྱེད་སྐབས་རང་འགུལ་ངང་བདེ་འཇགས་སྲུང་ཞྭ་གྱོན་དགོས་པ་དང་། འགྲོ་ལམ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་གཏོང་བཅས་བྱས་ནས་བདེ་འཇགས་དང་ཤེས་དཔལ་ངང་འགྲོ་སྐྱོད་བྱེད་དགོས་པའི་དྲན་སྐུལ་བྱེད་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།