དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • སྨན་གླིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ལས་དོན་ཧུར་ཐག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-04

    འདི་ནི་ཚེ་ཆེ་གེ་མོས་འགྲིམ་འགྲུལ་དང་བླངས་ཞབས་འདེགས་ཞུ་རིང་སྨན་གླིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ལས་ཁུངས་ཀྱིས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་དང་མཉམ་དུ་ས་གནས་ས་ཐོག་ཏུ་ཚེ་ཆེ་གེ་མོའི(གཡས་ཀྱི་དང་པོ)ཞབས་ཞུའི་ལས་དོན་ལ་རྟོག་ཞིབ་བྱེད་བཞིན་པ།

    “ཁྱེད་རང་ཏོག་ཙམ་སྒུག་དང་། ད་ལྟ་སློབ་གྲྭ་གྲོལ་བའི་དུས་ཚོད་ཡིན་པས་མི་སྔོན་ལ་གཏོང་རོགས”ཟླ་4ཚེས་25ཉིན་ནས་ཟླ་5ཚེས་19ཉིན་བར། སྨན་གླིང་གྲོང་ཁྱེར་སློབ་འབྲིང་དང་སྨན་གླིང་གྲོང་ཁྱེར་སློབ་ཆུང་གི་སྒོ་འགྲམ་དུ་སློབ་གྲྭ་གྲོལ་བའི་དུས་ཚོད་སླེབས་རིམ་བཞིན་དཔུང་རྟགས་དམར་པོ་བཏགས་པའི་དམིགས་བསལ་ལས་སྒྲུབ་པ་ཞིག་སློབ་གྲྭའི་སྒོ་འགྲམ་དུ་ལངས་ནས་འགྲོ་འོང་བྱེད་མཁན་མི་དང་འཁོར་རིགས་གཏོང་མཁན་ལ་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུས་ནས་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་བྱེད་དགོས་པའི་ཁ་ཏ་སློབ་སྟོན་བྱེད་ཀྱི་ཡོད། “ལས་སྒྲུབ་པ”དེ་ནི་སྨན་གླིང་གྲོང་ཁྱེར་གྱི་ཉེས་དོན་གྱོད་གཞིའི་ཁྲིམས་ལ་མ་སྦྱར་བའི་ཚེ་ཆེ་གེ་མོ་རེད།

    ཚེ་ཆེ་གེ་མོས་སློབ་གྲྭའི་སྒོ་འགྲམ་དུ་འགྲིམ་འགྲུལ་གྱི་ཁ་ཏ་སློབ་སྟོན་བྱེད་པ་དེ་ནི་སྨན་གླིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་འགྲིམ་འགྲུལ་སྤྱི་ཚོགས་ཀྱི་སྤྱི་ཕན་ཞབས་ཞུའི་རྣམ་པ་སྤྱད་དེ་ར་བཟི་འཁོར་གཏོང་བྱེད་མཁན་ཁྲིམས་ལ་མ་སྦྱར་བར་སློབ་གསོ་གཏོང་ཐེངས་ཐོག་མ་དེ་ཡིན་པ་རེད།

    དེ་ཡང་ཟླ་བ་4ཡི་གོང་གི་ཟླ་2པའི་མཚན་མོ་ཞིག་ལ། ཚེ་ཆེ་གེ་མོ་གང་མགྱོགས་ཁྱིམ་དུ་ཁ་ལག་ཟ་བར་སྐྱོད་ཆེད། སྟེས་དབང་གི་བསམ་པ་བཅངས་ནས་ཨ་རག་ཕོར་པ་གསུམ་བཏུངས་རྗེས“ཆང་རག་བཏུངས་ན་འཁོར་རིགས་གཏོང་མི་ཆོག་པ”རྦད་དེ་བརྗེད། རླངས་འཁོར་གཏོང་རིང་ལམ་ཐོག་ཏུ་ཁ་བཀག་པའི་རླངས་འཁོར་ཞིག་དང་རྡུང་ཁ་བརྒྱབ། ལས་འཛོལ་དེ་ལས་རླངས་འཁོར་གཉིས་ཀར་ཆག་སྐྱོན་བྱུང་ཡོད།(མི་སྣར་རྨས་སྐྱོན་བྱུང་མེད) ལས་འཛོལ་དེར་ཚེ་ཆེ་གེ་མོས་འགན་འཁྲི་གཙོ་བོ་འཁུར་དགོས་པ་དང་། སྐབས་དེ་དུས་ཚེ་ཆེ་གེ་མོའི་ཁྲག་ལ་བརྟག་དཔྱད་བྱེད་སྐབས་བྱེད་སྤྱོད་དེ་ཉེན་ཡོད་རླངས་འཁོར་གཏོང་བའི་ཉེས་པ་བསགས་པའི་དོགས་གཞི་ཡོད་པར་ངོས་འཛིན་བྱས།

    ཚེ་ཆེ་གེ་མོས་རང་ཉིད་ཀྱི་ནོར་འཁྲུལ་ལ་འགྱོད་བཤགས་ཆེན་པོ་བྱེད་ཅིང་། “རང་ཉིད་ཀྱི་ར་བཟི་འཁོར་གཏོང་བྱེད་སྤྱོད་ལ་འགྱོད་པ་ཆེན་པོ་སྐྱེ་གི་འདུག ངས་སློབ་གྲྭའི་སྒོ་འགྲམ་དུ་དང་བླངས་ཞབས་འདེགས་ཞུས་ཏེ་ད་ཐེངས་བསགས་པའི་ནོར་འཁྲུལ་ལ་ཁ་གསབ་བྱེད་པ་དང་ཆབས་ཅིག་རང་ཉིད་ཀྱིས་སླད་ཕྱིན་ནོར་འཁྲུལ་དེ་རིགས་གཏན་ནས་མི་ཐོན་པའི་དྲན་སྐུལ་བྱེད་ཀྱི་ཡོད”ཅེས་ཚེ་ཆེ་གེ་མོས་འགྱོད་སེམས་དང་བཅས་་བཤད།

    སྨན་གླིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། གནས་ཚུལ་ཐོན་སྐབས་ཚེ་ཆེ་གེ་མོའི་ཁྲག་ནང་ཨ་རག་གི་ཉིང་ཁུ་འདུས་ཚད་ཧའོ་ཧྲེང་160/ཧའོ་ཧྲེང་100མན་ལས་ཟིན་མེད་པར་དམིགས་ཏེ། ལས་འཛོལ་ཐོན་རྗེས་ཁ་ལོ་བ་གཞན་དེར་སྤྲོད་དགོས་ངེས་ཀྱི་སྐྱིན་ཚབ་སྤྲད་པ་མ་ཟད་ཁ་ལོ་བ་དེའི་བསམ་ཤེས་ཀྱང་ཐོབ་ཡོད། མ་ཟད་ཁོ་བོས་རང་ཉེས་རང་ཞུ་དང་ཉེས་པ་ངོས་ལེན་དང་ཁྲིམས་གཅོད་ཁས་ལེན་བྱས་པ་མ་ཟད། རང་འགུལ་ངང་དང་བླངས་ཞབས་ཞུའི་ལས་དོན་ལེགས་སྒྲུབ་ཡག་པོ་བྱས་པས《ར་བཟི་འཁོར་གཏོང་གི་ཉེས་དོན་གྱོད་གཞིའི་ཁྲིམས་ལ་མི་སྦྱོར་བའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གི་དཔྱད་གཞིའི་ཚད་གཞི(ཚོད་ལྟའི་ལག་བསྟར)》ཡི་འབྲེལ་ཡོད་གཏན་འབེབས་དང་མཐུན་ཡོད་པས་ཁྲིམས་ལ་མི་སྦྱོར་བའི་ཐག་གཅོད་ཆོག

    ཟླ་5ཚེས་26ཉིན། 《མི་དམངས་ཞིབ་དཔྱོད་ཁང་གི་གྱོད་གཞིར་ཞིབ་བཤེར་བྱེད་པའི་ཁུངས་སྐྱེལ་དག་འབུད་ལས་ཀའི་གཏན་འབེབས》ལྟར་སྨན་གླིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཁྲིམས་ལ་མི་སྦྱོར་བའི་ཡོངས་བསྒྲགས་དཔང་ཉན་ཚོགས་འདུ་འཚོགས་པ་རེད།

    “ཉེས་དོན་གྱོད་གཞི་ཆུང་གྲས་ཀྱི་ཞུ་གཏུག་རྒྱག་མི་དགོས་པའི་མི་སྣ་སྤྱི་ཚོགས་ཀྱི་སྤྱི་ཕན་ཞབས་ཞུར་ཞུགས་པའི་ལས་དོན་འཚོལ་ཞིབ་བྱས་པ་བརྒྱུད་ཞུ་གཏུག་རྒྱག་མི་དགོས་པའི་མིས་རང་ཉིད་ཀྱི་བྱེད་སྤྱོད་ཀྱི་གནོད་འཚེར་ངོས་འཛིན་དེ་བས་གཏིང་ཟབ་ཐུབ་པ་དང་། བསམ་བློ་དང་བྱ་སྤྱོད་ཐོག་ནས་སྤྱི་ཚོགས་ཐོག་ཕྱིར་ལོག་ཐུབ་པ། མི་དེ་བས་མང་བས་སྒྲིག་བཀུར་ཁྲིམས་སྲུང་བྱ་རྒྱུར་ཁྲིད་སྟོན་ཐུབ་པ།‘གྱོད་གཞི་གཅིག་ཐག་གཅོད་བྱས་ཏེ་ཁྱོན་ཡོངས་ལ་སློབ་གསོ་ཐེབས་པའི’སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་དངོས་སུ་ཐོན་པ་བཅས་བྱེད་ཐུབ་པས་ང་ཚོས་ཀྱང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚེ་ཆེ་གེ་མོར་ཞུ་གཏུག་མི་རྒྱག་པའི་གཏན་འབེབས་ལ་མོས་མཐུན་ཡོད”ཅེས་ཚོགས་ཞུགས་དཔང་ཉན་བས་གཅིག་རྗེས་གཉིས་མཐུད་ངང་བཤད།

    དཔང་ཉན་ཚོགས་འདུ་ཁྱབ་བསྒྲགས་བྱས་རྗེས། སྨན་གླིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་གྱོད་སྒྲུབ་ཞིབ་དཔྱོད་དཔོན་གྱིས་ཚེ་ཆེ་གེ་མོ་ཁྲིམས་ལ་མི་སྦྱོར་བའི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།