ལྷ་ས་གྲོང་ཁྱེར་གྱིས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་གི་རི་མོའི་བར་ཁྱམས་བརྩམས་ཆོས་འགྲེམས་སྟོན་སྐབས་གཉིས་པ་གཉེར་བ།
འདི་ནི་དཔྱད་འདེམས་པས་བརྩམས་ཆོས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་དང་གྲོང་ཁྱེར་སློབ་གསོ་ཅུས་དང་མཉམ་དུ་ལྷ་སར་ལྷ་ས་གྲོང་ཁྱེར་གྱི་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་གི་རི་མོའི་བར་ཁྱམས་བརྩམས་ཆོས་འགྲེམས་སྟོན་སྐབས་གཉིས་པ་དང་དཔྱད་འདེམས་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བརྩམས་ཆོས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཁ་ཕྱོགས་ནས་བསྡུས་པ་དང་། “ན་གཞོན་ཁྱེད་ལ་སྲུང་སྐྱོང་བྱེད། ལག་གདང་སྦྲེལ་ནས་འཚར་ལོངས་བྱེད”བརྗོད་དོན་གཙོ་བོར་བྱས་ཤིང་། ཁྱོན་བསྡོམས་རི་མོའི་བརྩམས་ཆོས་105འབྱོར་བ་ལས། བརྩམས་ཆོས་50འགྲེམས་སྟོན་ལ་ཚུད་ཡོད་པ་རེད། ཞིབ་དཔྱད་ནན་ཏན་བྱས་པ་བརྒྱུད། བྱ་དགའ་རིམ་པ་དང་པོ་5དང་། བྱ་དགའ་རིམ་པ་གཉིས་པ་10 བྱ་དགའ་རིམ་པ་གསུམ་པ་15 ཕུལ་བྱུང་བྱ་དགའ་20 ཕུལ་བྱུང་མཛུབ་ཁྲིད་དགེ་རྒན་གྱི་བྱ་དགའ་30བཅས་བདམས་པ་རེད།
ངས་ངའི་པིར་རྩལ་ལ་བརྟེན་ནས“ཁྲིམས་ལུགས”ལ་གོ་བ་ལེན་སྟངས་བྲིས་པ་དེར་བྱ་དགའ་རིམ་པ་གསུམ་པ་ཐོབ་པར་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན་ངས་ཁྲིམས་ལུགས་ཤེས་རྟོགས་དང་ཁྲིམས་ལུགས་སྲུང་མཁན་གྱི་དཔེ་དམག་ཆུང་ཆུང་ཞིག་བྱེད་ཀྱི་ཡིན་ཞེས་བོད་ལྗོངས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དམའ་རིམ་ལོ་རིམ་དང་པོའི་སློབ་མ་གངས་དཀར་དགྲ་འདུལ་གྱིས་བཤད།
ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་བརྒྱད་པའི་ཀྲུའུ་རེན་གཞོན་པ་ཚེ་རིང་དབྱངས་ཅན་གྱིས། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་རང་རེའི་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་ཚོས་ཁྲིམས་སྦྱོང་དང་། ཁྲིམས་ཤེས། ཁྲིམས་སྲུང། ཁྲིམས་སྤྱོད་བཅས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པར་བྱེད་པ་འདི་རེད། གོམ་སྟབས་རྗེས་མར། ང་ཚོས་མུ་མཐུད་བྱེད་ཐབས་གསར་གཏོད་ལ་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྒྱུར་སྲུང་སྐྱོང་གི་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབས་ཏེ་ཁྲིམས་སྐྱོང་ལྷ་ས་བསྐྲུན་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་ཀྱི་ཡིན་ཞེས་བརྗོད།