བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྡེ་ཚན་གྱིས་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཏེ།
གནོད་འཚེ་དང་ཉེན་ཁ་འགོག་ཟོན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པ།
ཉིན་ཤས་བསྟུད་མར། བོད་ཀྱི་རིམ་ཁག་མེ་ཟོན་སྡེ་ཚན་གྱིས་གེགས་འགོག་གེགས་སེལ་གྱི་བྱེད་སྒོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། སྤྱི་ཚོགས་ཡོངས་ཀྱིས་མེ་ཟོན་ལ་དོ་ཁུར་དང་མེ་ཟོན་ནང་ཞུགས་པའི་རྣམ་པ་བཟང་པོ་བཏོད་ཡོད་པ་རེད།
བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱས་ཤིང་། རིམ་ཁག་མེ་ཟོན་རོགས་སྐྱོབ་སྡེ་ཚན་གྱིས་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་ཆེད་དོན་གྲལ་བཤེར་དང་བཅོས་སྒྲིག་གི་བྱ་སྤྱོད་དང་། མེ་ཟོན་བདེ་འཇགས་ཀྱི“ཉིན་བརྒྱའི་འགག་སྒྲོལ”གྱི་ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་གྱིས་མེ་ཟོན་ལྟ་སྐུལ་བ་སྒྲིག་འཛུགས་བྱས་ནས་སློབ་གྲྭ་དང་། སྨན་ཁང་། དགོན་སྡེ། རྒན་གསོ་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ། ཚོང་ར་དང་སྒོ་རྩིས་ཚོང་ཁང་། ཁྲོམ་ར་བཅས་དང་། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་སོགས་མི་སྣ་འདུ་འཛོམས་མང་བའི་ཁུལ་དུ་བསྐྱོད་དེ་འབར་སླ་བའི་དངོས་པོར་དོ་དམ་ཚོད་འཛིན་དང་། མེ་ཟོན་སྒྲིག་ཆས་བཀོད་སྒྲིག་དང་སྲུང་སྐྱོང་། མེ་གསོད་རླངས་འཁོར་བགྲོད་ལམ་དོ་དམ་སོགས་ཐད་ལྷག་སྲིད་པའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས་ནས་སྤྱི་ཚོགས་ཚན་པར་མེ་ཟོན་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་གཙོ་བོ་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མེ་སྐྱོན་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱས་པ་རེད།
གསོ་སྦྱོང་དང་ནང་སྦྱོང་བྱས་ཏེ་འདུ་ཤེས་ཟབ་ཏུ་བཏང་ཞིང་། རིམ་ཁག་མེ་ཟོན་སྡེ་ཚན་གྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་ཆ་ཁག་དྲུག་ཏུ་མེ་ཟོན་དྲིལ་བསྒྲགས་གཙོ་རྐང་དུ་བྱེད་པའི་མེ་ཟོན་གསོ་སྦྱོང་དང་ནང་སྦྱོང་གི་བྱེད་སྒོ་བཀོད་སྒྲིག་ཞིབ་ཚགས་བྱས་པ་རེད། དེའི་རིང་མེ་ཟོན་དྲིལ་བསྒྲགས་པས་སློབ་གྲྭའི་དགེ་སློབ་དང་། ལས་བྱེད་པ་དང་ལས་བཟོ། ཁེ་ལས་ཀྱི་ལས་བཟོ་བཅས་དང་ངོ་ཐུག་གདོང་འཕྲད་ཀྱིས་མེ་ཟོན་བདེ་འཇགས་ཤེས་བྱའི་གསོ་སྦྱོང་འཆད་ཁྲིད་བྱས་ཏེ་དམིགས་སའི་རང་བཞིན་ཆེ་བ་དང་། སྤྲོ་སྣང་ལྡན་པ། མང་ཚོགས་ཞུགས་ཚད་མང་བ་བཅས་ཀྱི་མེ་སྐྱོན་ཁྲོད་ཐར་ཐབས་བྱེད་པའི་ནང་སྦྱོང་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་བ་རེད།