ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་རུ་ཁག་གཉིས་པས།
ཚོགས་པའི་སེམས་ཁམས་ཟུར་ཁྲིད་ཀྱི་བྱེད་སྒོ་སྤེལ་བ།
དམག་མིའི་ངར་ཤུགས་སྔར་བས་འཕེལ་བ་དང་ཉེན་རྟོག་པའི་སེམས་པ་གཅིག་ཏུ་བསྒྲིལ་ནས་མི་དམངས་ཉེན་རྟོག་པའི་ལུས་སེམས་བདེ་ཐང་ལ་སེམས་ཁུར་བྱ་ཆེད། ཉེ་ཆར་ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་རུ་ཁག་གཉིས་པས་ཚོགས་པའི་སེམས་ཁམས་ཟུར་ཁྲིད་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་སེམས་ཁམས་ཟུར་ཁྲིད་མཁན་མི་དམངས་ཉེན་རྟོག་པས་ཚང་མར་སེམས་ཁམས་བདེ་ཐང་གི་རྒྱུན་ཤེས་དང་ཚོགས་པའི་སེམས་ཁམས་ཟུར་ཁྲིད་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བརྒྱབ་པས་ཚང་མས་ལུས་སེམས་ཀྱི་དཀའ་ངལ་ལ་ངོས་འཛིན་ཡང་དག་ཐུབ་པ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་བཟོད་ཤུགས་འཕེལ་ཐུབ་པར་བྱས་ཡོད། དེ་རྗེས་འཁྲུག་ཆ་དོད་པའི་རོལ་རྩེད་སྣ་ཚོགས་ལ་བརྟེན་ནས་མི་དམངས་ཉེན་རྟོག་པ་གཟབ་ནན་གྱི་རྣམ་པའི་ཁྲོད་ནས་དོན་ཐུབ་རྒྱུའི་ཁྲིད་སྟོན་བྱས་པ་མ་ཟད། ས་གནས་ས་ཐོག་གི་འཚེར་སྣང་དང་ཁ་ཁུ་སིམ་པའི་རྣམ་པ་་བག་ཡངས་དང་སྤྲོ་སྣང་དུ་འགྱུར་བ་བྱས་ཡོད།
“རྒྱབ་སྤྲོད་བྱས་ནས་ཡར་ལོང་བའི”རོལ་རྩེད་ཀྱི་ཁྲོད་སྔོན་ལ་མི་དམངས་ཉེན་རྟོག་པ་གཉིས་ཀྱིས་ལག་གདང་སྦྲེལ་བ་དང་རྒྱབ་སྤྲོད་བྱས་ནས་བསྡད་རྗེས་སྒལ་པའི་ཤུགས་ལ་བརྟེན་ནས་ག་ལེར་ལངས་པའི་བྱེད་ཐབས་ཐོག་ནས་མི་གྲངས་བཞི་ལྔ་ཙམ་བར་མང་དུ་བཏང་སྟེ་མཉམ་དུ་ལངས་ཐབས་བྲལ་བའི་བར་རྒྱུན་མཐུད་བྱས་པ་རེད། མི་དམངས་ཉེན་རྟོག་པ་འཚང་ཁ་ཤིག་ཤིག་ངང་ཞུགས་པ་དང་སྤེལ་རེས་མཉམ་ལས་བྱས་པ་ལས་ཚོགས་པའི་མཐུན་སྦྱོར་མཉམ་ལས་ཀྱི་སྟོབས་ཤུགས་གང་ལེགས་མངོན་པ་དང་། ཕན་ཚུན་དབར་གྱི་ཡིད་ཆེས་ཆེ་རུ་ཕྱིན་ནས། དངངས་སྐྲག་གི་སེམས་པ་ལྷོད་དུ་སོང་བ་ཡོད།
ལས་སྒྲུབ་མི་དམངས་ཉེན་རྟོག་པས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་དང་འགག་སྒོའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་བླ་ན་མེད་པའི་འགན་འཁྲི་ཁུར་ཡོད་པས་ལས་འགན་ལྕི་ལ། དཀའ་ངལ་ཡང་ཆེན་པོ་འཕྲད་ཀྱི་ཡོད། ལས་སྒྲུབ་རུ་ཁག་གཉིས་པའི་ཏང་ཀྲི་པུས་མི་དམངས་ཉེན་རྟོག་པའི་ལུས་སེམས་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལོ་འཁོར་གྱི་གཟུགས་པོ་བརྟག་དཔྱད་དང་། སེམས་ཁམས་སློབ་གསོ། འཚམས་འདྲི་བཅས་བྱེད་པ་དང་རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ཉེན་རྟོག་པར་དྲོ་སྐྱིད་སྦྱིན་པ་དང་ཕན་པ་ཐོབ་པའི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ནས་སྐྱོན་བྲལ་ཡར་ཐོན་དང་ཞི་མཐུན་མཉམ་གནས་ཀྱི་དམག་སྒར་གྱི་རྣམ་པ་ཞིག་བཏོད་པས་མི་དམངས་ཉེན་རྟོག་པའི་ལས་རིགས་ཀྱི་གཟི་བརྗིད་ཚོར་སེམས་དང་། སྤོབས་སེམས། གཏོགས་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་དཔུང་སྡེའི་གོང་བུ་འགྲིལ་ཤུགས་དང་། བློ་ཁ་ཕྱོགས་ཤུགས། འཐབ་ནུས་བཅས་ཆེ་རུ་ནུས་ལྡན་འགྲོ་ཐུབ་པ་བྱུང་ཡོད།