དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དམངས་འཚོའི་བདེ་རྩ་ལེགས་སུ་བཏང་། བདེ་སྐྱིད་འཚོ་བ་གསར་པར་རོལ།

    —— རང་ལྗོངས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    ཟླ་གསུམ་པ་ནས་བཟུང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ཆུ་ཤུར་རྫོང་གློག་གཏོང་ཀུང་སིས་དཔྱིད་རྨོད་དཔྱིད་འདེབས་དང་ཞིང་ཆུ་གཏོང་བར་མཁོ་བའི་གློག་འགན་ལེན་བྱེད་པ་ལས་འགན་ཨང་དང་པོར་བརྩིས་ནས། དཔྱིད་རྨོད་དང་ཞིང་ཆུ་གཏོང་བའི་གློག་སྤྱོད་ཀྱི་དགོས་མཁོ་དུས་ཐོག་ཏུ་མཐིལ་རྟོགས་བྱས་ཤིང་། ཆུ་ཤུར་རྫོང་གི་གློག་སྤྱོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དཔྱིད་རྨོད་དང་ཞིང་ཆུ་གཏོང་བར་གློག་འགན་ལེན་གྱི་ལས་ཀའི་ཇུས་གཞི་བཟོས་པ་མ་ཟད། ཞིང་ཆུ་གཏོང་བར་གློག་སྤྱོད་པའི་ཐེག་ནུས་ལ་སྔོན་དཔག་ཡག་པོ་བྱས་ཏེ། ལས་མི་སྒྲིག་འཛུཌ་ཀྱིས་ཞིང་ལས་ཐོན་སྐྱེད་དང་འབྲེལ་བའི་གློག་གཏོང་སྐུད་ལམ་དང་། ཞིང་ཆུ་གཏོང་ཡུལ། འཕྲུལ་ཁྲོན་གྱི་ཚད་འཇལ་སྒམ། ཆུ་འཐེན་འཕྲུལ་འཁོར་སོགས་ཀྱི་སྒྲིག་ཆས་ལ་གཙོ་གནད་དུ་ཞིབ་བཤེར་དང་གྲལ་བཤེར་བྱས་པ་དང་། ཞིང་ཆུ་འདྲེན་གཏོང་སྒྲིག་ཆས་ཀྱི་གནད་དོན་དང་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ནས། དཔྱིད་རྨོད་དང་ཞིང་ཆུ་གཏོང་བར་གློག་འགན་ལེན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བརྟན་པོ་བྱས་ཡོད།

    རིམ་རྩིས་བྱས་ན། དུས་ཚིགས་དང་པོར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཆུ་ཤུར་རྫོང་གློག་གཏོང་ཀུང་སིས་གློག་དྲ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་7.57བཏང་བའི་ཁྲོད། གྲོང་གསེབ་གློག་དྲ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་5.68བཏང་ཞིང་། ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་དང་ལས་མི་སྤྱོད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་884ཙམ་ཡོང་བར་སྣེ་ཁྲིད་ཧུར་ཐག་བྱས་པ་དང་འཛད་སྤྱོད་རོགས་སྐྱོར་སྒོར་ཁྲི་108བྱས་པ་རེད། ལྷག་པར་དུ་ཟླ་གསུམ་པ་ནས་བཟུང་། ཀུང་སི་དེས་རང་ལྗོངས་ཀྱི་དཔྱིད་རྨོད་དང་ཞིང་ཆུ་གཏོང་བར་གློག་གཏོང་འགན་ལེན་དང་། ལོ་འཁོར་མོའི་བོད་ཀྱི་གློག་དྲ་འཛུགས་སྐྲུན་ལས་འགན་ཁྱོན་ཡོངས་ནས་ལས་ཐོན་བསྐྱར་ཚུགས། སྒོ་བྱང་བཀལ་ནས་ལྗོངས་ཡོངས་ཀྱི“གཅེས་སེམས་གློག་གཏོང་སྒོ་རྩིས་ཚོང་ཁང”ཐོག་མའི་ལས་གཉེར་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ནས། ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཁག་གི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་ཐུབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

    དབྱར་ཟླ་ར་བར། ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་པའི་མངའ་རིས་ས་ཁུལ་དུ་སྔར་བཞིན་ཁ་བ་བུ་ཡུག་འཚུབ་ནས་གྲང་ངར་ཆེ་ནའང་། དགེ་རྒྱས་རྫོང་ཆ་ཚང་སློབ་ཆུང་གི་སློབ་ཁང་ནང་དུ་དྲོ་སྐྱིད་ཀྱིས་ཁེངས།

    “དེ་སྔ་སློབ་ཁང་ནང་ཧ་ཅང་གྲང་བས། ཞོགས་པར་སྲིང་བལ་གྱི་སྟོད་གོས་དང་སྲིང་བལ་གྱི་ལྷམ་གྱོན་ནའང་གྲང་མོ་ཡོད། ད་ཆ་དྲོད་རླངས་གློད་རྗེས་སྲིང་བལ་སྟོད་གོས་གྱོན་ནས་སློབ་ཚན་འཚོག་དགོས་ཀྱི་མི་འདུག”ཅེས་ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་སློབ་མ་ཆོས་མགོན་གྱིས་བཤད།

    དགེ་རྒྱས་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་བྱམས་པ་ཆོས་སྒྲོན་གྱིས་ད་ཆ་སློབ་གྲྭ་ཡོངས་ལ་ལོ་རིམ་6དང་འཛིན་གྲྭ་21 ཞག་སྡོད་སློབ་མ་500ལྷག་ཙམ་ཡོད། ལོ་4ཡི་གོང་། སློབ་གྲྭས་རྫོང་གྲོང་གི་གཅིག་སྡུད་དྲོད་གཏོང་མདོང་ལམ་ཁྲིད་རྗེས། དགུན་དཔྱིད་གཉིས་སུ་སློབ་ཁང་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་24ཟིན་གྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་30.85བཏང་ནས་སློབ་གྲྭ་ཡོངས་ལ་ཁྱབ་པའི་དྲོད་རླངས་མཁོ་འདོན་གྱི་ལས་གྲྭ་ལག་བསྟར་བྱས་ནས། ས་བབ་མཐོ་བའི་སློབ་གྲྭ་1699ལ་ནུས་རྒྱུ་གཙང་མའི་དྲོད་རླངས་གཏོང་མགྱོགས་སུ་བཏང་བ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་27ལ་དྲོད་རླངས་མཁོ་འདོན་ཐུབ་པ་རེད། མིག་སྔའི་བར། རང་ལྗོངས་ཀྱི་རིམ་པ་ཁག་གི་སློབ་གྲྭ་སྣ་ཚོགས་ལ་ཁྱོན་ཡོངས་ནས་དྲོད་རླངས་མཁོ་འདོན་ཐུབ་པ་རེད།

    ཆ་འཕྲིན་གྱི་དུས་རབས་སུ་དྲ་བ་ནི་མེད་དུ་མི་རུང་བ་ཞིག་ཡིན། ཀྲུང་གོ་ལྕགས་སྒྲོམ་མ་རྐང་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་ཡན་ལག་ཀུང་སི་བཙུགས་ནས་ལོ་8སོང་རིང་། རིམ་རྩིས་བྱས་ན། ཀུང་སིས་འཕྲིན་གཏོང་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་27.11བཏང་བ་དང་། སྦྲེལ་ཚུགས་ཁྱོན་ཁྲི་1.6བསྐྲུན་པ་ནི་ཀུང་སི་དེ་མ་བཙུགས་གོང་གི་རང་ལྗོངས་ཀྱི་འཕྲིན་གཏོང་ལས་རིགས་ཀྱི་སྦྲེལ་ཚུགས་བསྡོམས་འབོར་གྱི་ལྡབ་1.5ཡིན་ལ། འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་སྟབས་འགྲོ་མགྱོགས་སུ་ཕྱིན་ནས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་རེད།

    2022ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་5Gསྦྲེལ་ཚུགས་8099བསྐྲུན་པའི་ཁྲོད་2022ལོར་སྦྲེལ་ཚུགས་1439གསར་དུ་བསྐྲུན་ནས་ལྗོངས་ཡོངས་ཀྱི་རྫོང་དང་། ཆུས། དེ་བཞིན་གཙོ་གནད་ཤང་གྲོང་བཅས་74ལ་5Gདྲ་རྒྱ་ཤར་གཏོང་ཐུབ་ཡོད། གླེང་རིན་ཡོད་པ་ཞིག་ནི། ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ཤང་སྟེ། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང(ཆ་སྙོམས་ས་བབ་མཐོ་ཚད་སྨི་5373ཟིན་པ)ལ་ཡང་ཀྲུང་གོའི་སྒུལ་བདེའི་5Gཀྱི་བརྡ་རྟགས་ཁྱབ་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།