དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཁྱེད་ཚོའི་ཐུགས་རྗེའི་བཀའ་དྲིན་ལས། དྲ་རྒྱའི་རྙི་ལས་ཐར་ཙམ་བྱུང་།

    —— ནག་ཆུ་གྲོང་ཁྱེར་གསེར་རྙེད་སྤྱི་བདེ་ཡིས་གློག་འཕྲིན་ཁ་བསླུས་ཀྱི་གཡོ་ཇུས་ཤིག་མཐིལ་བརྟོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱི་གྲོང་མི་བསྟན་ཆེ་གེ་མོས་གསེར་རྙེད་ཆུས་ཁ་བསླུས་འགོག་རྒོལ་ལྟེ་གནས་སུ་དྲ་རྒྱའི་དངུལ་བུན་སྐོར་བློ་འདྲི་བྱས་རྗེས། མིག་མདུན་གྱི་མི་དམངས་ཉེན་རྟོག་པར“ཁྱེད་ཚོ་ཡོད་པས་ང་གཞི་ནས་མགོ་སྐོར་འོག་མ་ཚུད་ཙམ་བྱུང”ཞེས་སེམས་གཏིང་གི་སྐད་ཆ་ལྷུག་པོར་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་འགའི་སྔོན་དུ་བསྟན་ཆེ་གེ་མོར་དངུལ་ཁ་ཐང་བའི་དཀའ་ངལ་ཕྲད་དེ་འཕྲལ་དུ་དངུལ་བུན་གཡར་དགོས་བྱུང་སྟབས། སྐད་འཕྲིན་གྲོགས་ཚོམ་ནས་སྐད་འཕྲིན་གྱི་མིང་ལ“ཡིད་རྟོན་གཙོ་བོ་ཡིན”ཞེས་པའི་དྲ་གྲོགས་ཤིག་རྙེད། ཕ་རོལ་པོས་གལ་ཏེ་དངུལ་བུན་ལམ་སེང་གཡར་དགོས་ན་རང་གི་དངུལ་ཁང་བྱང་བུ་དང་། ཐོབ་ཐང་ལག་ཁྱེར། Kའབོ་སོགས་འབྲེལ་ཡོད་དཔྱད་གཞི་མཁོ་འདོན་བྱེད་དགོས་པར་མ་ཟད། གོང་གསལ་གྱི་དཔྱད་གཞི་རྣམས་གཏན་འཁེལ་གྱི་ས་ཆར་བསྐུར་དགོས་ཞེས་བཤད། བསྟན་ཆེ་གེ་མོས་སྦྲག་སྲིད་དུ་བསྐྱོད་ནས་གོང་གསལ་གྱི་དཔྱད་གཞི་བསྐུར་སྐབས། ལས་དོན་མི་སྣས་ཐོབ་ཐང་ལག་ཁྱེར་སོགས་གང་བྱུང་དུ་སྐུར་མི་རུང་ཞེས་ཁ་ཏ་བསླབ་བྱ་བྱས་པར་མ་ཟད། ཁོང་ལ་གསེར་རྙེད་ཆུས་ཁ་བསླུས་འགོག་རྒོལ་ལྟེ་གནས་སུ་བློ་འདྲི་བྱེད་པར་བསྐྱོད་ནས་མགོ་སྐོར་འོག་མ་ཚུད་པ་བྱེད་དགོས་ཞེས་བརྗོད།

    ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པས་གནས་ཚུལ་ཤེས་རྟོགས་བྱས་རྗེས། འཕྲལ་དུ་སྐད་འཕྲིན་གྱི་མིང་ལ“ཡིད་རྟོན་གཙོ་བོ་ཡིན”ཞེས་ཡིད་རྟོན་དངུལ་བུན་གཏོང་མཁན་ཡིན་ཟེར་བ་དེའི་འབྲེལ་ཡོད་ཆ་འཕྲིན་དང་གླེང་མོལ་ཟིན་ཐོར་དབྱེ་ཞིབ་བརྡར་གཅོད་བྱས་པ་བརྒྱུད། མཐར་དེ་ནི་དྲ་རྒྱའི་ཁ་བསླུས་རྒྱག་མཁན་ཞིག་ཡིན་པ་གཏན་འཁེལ་བྱས། མི་དམངས་ཉེན་རྟོག་པས་དེ་གོང་ཐོན་མ་ཐག་པའི་གྱོད་གཞི་དངོས་དང་ཟུང་འབྲེལ་བྱས་ཏེ། ཁ་བསླུས་རྒྱག་སྟངས་དང་དབྱེ་འབྱེད་བྱེད་སྟངས་སོགས་ཐད་ནས་བསྟན་ཆེ་གེ་མོར་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ། བསྟན་ཆེ་གེ་མོས་མཐར་རང་ཉིད་ལ་ཁ་བསླུས་རྒྱག་མཁན་ཕྲད་ནས་ཕྲན་ཙམ་མ་གཏོགས་ཁོང་ཚོའི་གཡོ་ཇུས་འོག་ཏུ་ཚུད་པ་ཤེས། མི་དམངས་ཉེན་རྟོག་པས་བསྟན་ཆེ་གེ་མོར་རང་གི་ཐོབ་ཐང་ལག་ཁྱེར་དང་དངུལ་ཁང་བྱང་བུ་སོགས་འབྲེལ་ཡོད་ཆ་འཕྲིན་གང་བྱུང་དུ་གཞན་ལ་ཤོད་རྒྱུ་མེད་པར་དུས་རྒྱུན་ནས་དོགས་ཟོན་བྱེད་དགོས་པ་དང་། གལ་ཏེ་དངུལ་བུན་གཡར་དགོས་ཚེ་ཐབས་ལམ་ཡང་དག་བརྒྱུད་ནས་གཉེར་དགོས་པ་ལས། མི་རྒྱུས་མེད་ལ་གང་བྱུང་ཡིད་ཆེས་དང་། དངུལ་བསྐུར་བ། གསང་བའི་ཨང་རྟགས་ཤོད་པ་སོགས་གཏན་ནས་བྱེད་མི་རུང་ལ། རང་ཉིད་ཀྱི་རྒྱུ་ནོར་ལའང་གྱོང་གུན་མི་ཕོག་པ་བྱེད་དགོས་པའི་དྲན་སྐུལ་བྱས། དེ་དང་ཆབས་ཅིག་བསྟན་ཆེ་གེ་མོར་རྒྱལ་ཁབ་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་APPཕབ་ལེན་དང་བེད་སྤྱོད་བྱེད་སྟངས་བསླབས་པ་དང་། ལས་སྟེགས་ནས་སློབ་སྦྱོང་བྱས་ཏེ་མགོ་སྐོར་འོག་མ་ཚུད་པ་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།