ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།
ཚགས་ཤ་སྐམ་པོའི་ཐོན་རྫས་ཁྲོམ་རར་དུས་ཡུན་ཟླ་བ་དྲུག་རིང་ཆེད་དོན་བཅོས་སྒྲིག་བྱེད་འགོ་ཚུགས་པ།
འདི་ནི་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་ཚོང་ཁང་དུ་ཞིབ་བཤེར་བྱེད་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཚགས་ཤའི་ཐོན་རྫས་ཐོན་སྐྱེད་དང་ཚོང་གཉེར་ཁེ་ལས་སྐོང་འདྲིའི་ཚོགས་འདུ་འཚོགས་ནས། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་ར་ལྟ་འདོམས་སུའོ་དང་མཉམ་དུ་གཡུ་ཐོག་ལམ་ཉེ་འགྲམ་གྱི་ཚགས་ཤ་སྐམ་པོའི་ཐོན་རྫས་ཚོང་ཁང་ལ་ཆེད་དོན་ཞིབ་བཤེར་བྱས་པ་རེད།
ཞིབ་བཤེར་བྱ་ཡུལ་དུ་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་ཚགས་ཤ་སྐམ་པོ་ཚོང་མཁན་གྱི་ཚོང་གཉེར་ཐོབ་ཐང་ཁྲིམས་མཐུན་དང་ནུས་ལྡན་ཡིན་མིན་དང་། ལག་ཁྱེར་དང་འཛིན་ཤོག་ཆ་ཚང་མིན། ཟོག་འདྲེན་ཞིབ་བཤེར་ལམ་ལུཌ་དོན་འཁྱོལ་ནན་པོ་བྱས་མིན། དུས་བཀག་ལྟར་བཟའ་བཅའི་བདེ་འཇགས་ལ་རང་བཤེར་བྱས་མིན། གཉེར་སྐྱོང་བྱ་ཡུལ་གཙང་སྦྲ་ལྡན་མིན། བཟའ་བཅའི་ཤོག་བྱང་སོགས་ཕྱི་ཤོག་གི་སྤུས་ཚད་བླང་བྱ་དང་མཐུན་མིན་བཅས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད།
“ཚོང་ཁང་གི་ལས་དོན་པའི་བདེ་ཐང་ལག་ཁྱེར་བསྟན་རོགས། ཚོང་ཁང་དུ་ཚགས་ཤ་འཐེན་པའི་འཛིན་སོགས་འབྲེལ་ཡོད་འཛིན་ཤོག་བསྟན་རོགས” ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་བས་གཡུ་ཐོག་ལམ་གྱི་ཚགས་ཤ་སྐམ་པོའི་ཚོང་ཁང་དུ་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་བྱེད་རིང་ཇོ་མོ་གླང་མ་ཝེ་ཡེ་ཆེ་ཧྲེང་ཚགས་ཤ་སྐམ་པོའི་ཚོང་ཁང་དུ་བྲིན་ཚོང་ཤོག་བྱང་གི་མཚོན་རྟགས་གསལ་པོ་མེད་པ་དང་། ཚོང་པར་བདེ་ཐང་གི་ལག་ཁྱེར་མེད་པ་སོགས་ཀྱི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་བས། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཁྲོམ་ར་ལྟ་འདོམས་སུའོ་ཡིས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་བླང་བྱ་གཞིར་བཟུང་། ཚོང་ཁང་དེར་ཉིན་3ལས་གཉེར་བྱེད་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་བཟའ་བཅའ་གཉེར་སྐྱོང་ཁོའོ་ཡི་ཁྲིམས་སྒྱུར་བ་སྤེན་པ་བཀྲ་ཤིས་ཀྱིས། “ཟླ་བ་6པ་ནས་ཟླ་བ་11པའི་བར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཉེ་འཁོར་ཚོང་ཁང་དང་། དེ་བཞིན་ཡུལ་སྐོར་བྱེད་སྒོ་སྤེལ་ཡུལ་གཞན་པའི་ཚགས་ཤ་སྐམ་པོའི་ཐོན་རྫས་ཚོང་ཁང་ལ་མུ་མཐུད་ཞིབ་བཤེར་བྱས་ནས། ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་མཚོན་རྟགས་ཚད་ལྡན་མེད་པ་དང་ལག་ཁྱེར་དང་འཛིན་ཤོག་ཆ་ཚང་མེད་པ་སོགས་ཀྱི་གནད་དོན་འཕྲལ་དུ་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ་དང་། ཤེས་རྟོགས་བྱུང་བའི་གནད་དོན་ལ་བསྐྱར་དུ་ཞིབ་བཤེར་བྱས་ཏེ། བཅོས་སྒྲིག་གནད་འཁེལ་ཡོང་བ་བྱེད་ཀྱི་ཡིན། དེ་དང་དུས་མཚུངས་ཚགས་ཤ་སྐམ་པོའི་ཐོན་རྫས་ཚོང་ཁང་ལ་བཅོས་སྒྲིག་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས། ཚགས་ཤ་སྐམ་པོའི་ཐོན་རྫས་ཀྱི་ཁྲོམ་རའི་ཁོར་ཡུག་གཙང་བཟོ་དང་། ཤེས་རྟོགས་བྱུང་བའི་གནད་དོན་ལ་ཞིབ་བཤེར་ནན་པོ་བྱས་ཏེ་བཅོས་སྒྲིག་གནད་ལ་འཁེལ་བ་བྱེད་དུ་འཇུག་གི་ཡིན”ཞེས་བརྗོད།