དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཡ་མེད་སྒལ་རལ་འཚོང་མཁན་གྱི“ནག་འཁོར”དེ་ཚོར་བཅོས་སྒྲིག་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“ནག་འཁོར”བཅོས་སྒྲིག་གི་ལས་དོན་ལ་མཐོང་ཆེན་པོ་བྱས་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ་བཅོས་སྒྲིག་བྱེད་བཞིན་ཡོད། འདི་ལོའི་ཟླ་1ཚེས་1ནས་ཟླ་6ཚེས་13ཉིན་བར། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་ཁྲིམས་འཛིན་མི་སྣ་མི་ཐེངས་3027དང་ཁྲིམས་སྒྱུར་རླངས་འཁོར་ཐེངས་གྲངས་545བཏང་ནས་དུས་གཏན་རླངས་འཁོར་1575དང་། ཡུལ་སྐོར་རླངས་འཁོར་718 སྤྱིར་བཏང་ཟོག་འཁོར་10272 ཉེན་ཡོད་ཟོག་འཁོར་2021 བདལ་འཁོར་5113 དྲ་འབོད་རླངས་འཁོར་4234བཅས་ལ་ཞིབ་བཤེར་བྱས་ནས་ཁྲིམས་འགལ་གཉེར་སྐྱོང་གི་དོགས་གཞི་ཡོད་པའི་རླངས་འཁོར་2220ལ་ཞིབ་བཤེར་བྱས་པ་དང་། མི་563ལ་སྐྱོན་བརྗོད་སློབ་གསོ་བཏང་བ་རེད། ཁྲིམས་འགལ་གྱི་གཉེར་སྐྱོང་རླངས་འཁོར་216དང་དྲ་འབོད་རླངས་འཁོར་48དང་། སྒྲིག་འགལ་གྱི་ཡུལ་སྐོར་རླངས་འཁོར་8 སྒྲིག་འགལ་གྱི་དུས་གཏན་རླངས་འཁོར་8 སྒྲིག་འགལ་གྱི་ཉེན་ཡོད་ཟོག་འཁོར་1བཅས་བཙན་ཉར་བྱས་པ་རེད།

    “ནག་འཁོར”ཡང་ཡང་ཐོན་ཡང་ཐག་གཅོད་དཀའ་བའི་རྒྱུ་མཚན་གང་ཡིན་ནམ།

    1.སྤྱི་པའི་སྐྱེལ་འདྲེན་ནུས་པ་མི་འདང་བས་ཁྲོམ་རའི་དགོས་མཁོ་ཆེ་རུ་ཕྱིན་པ།

    བསྡོམས་རྩིས་ལ་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་ལ་བདལ་འཁོར་ཁེ་ལས་2ཡོད་པར་བདལ་འཁོར་1100ཡོད་པ་དང་། དྲ་འབོད་རླངས་འཁོར་གྱི་ལས་སྟེགས་ཀུང་སི་8ལ་སྐྱེལ་འདྲེན་ལག་ཁྱེར་ཡོད་པའི་རླངས་འཁོར་1124དང་། སྤྱི་སྤྱོད་རླངས་འཁོར་560ལྷག་ཙམ་ཡོད་པ་རེད། སྤྱི་པའི་སྐྱེལ་འདྲེན་ནུས་པ་ངེས་ཅན་ལྡན་ཡང་གྲོང་ཁྱེར་འཕེལ་རྒྱས་མྱུར་བ་དང་ཡུལ་སྐོར་བ་མང་བའི་དུས་སུ་གྲོང་མི་ཕྱིར་སྐྱོད་པའི་དགོས་མཁོ་སྔར་བཞིན་སྐོང་ཐུབ་ཀྱི་མེད།

    “ང་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཉེ་འགྲམ་དུ་ལས་ཀར་འགྲོ་གི་ཡོད། དབུན་ཀྲོའུ་ཚོང་དོན་གྲོང་གི་ཉེ་འགྲམ་དུ་མི་ཧ་ཅང་མང་བས། ལས་ཀ་གྲོལ་བའི་སྐབས་རླངས་འཁོར་སྒུག་ཡུན་རིང་བ་མ་ཟད། བདལ་འཁོར་ཡང་གླ་བདེ་པོ་མི་འདུག་ལ། མཉམ་སྤྱོད་གློག་སྒུལ་སྦག་སྦག་ཀྱང་རག་གི་མི་འདུག་པས། ‘ནག་འཁོར’མཐོང་འཕྲལ་ལམ་སེང་སྡོད་ཀྱི་ཡོད”ཅེས་གྲོང་མི་ལིའུ་ཡིས་བཤད་པ་དང་། ཁོང་གིས“ནག་འཁོར་སྡོད་པ”ནི་རྒྱུན་གཏན་ཞིག་ཡིན། གང་ལགས་ཤེ་ན་སྒུག་ཡུན་རིང་པོ་མི་དགོས་ལ། གོང་ཡང་འགྲིག་ཆོག་པས་ཡིན་ཞེས་བཤད།

    གྲོང་མི་མི་ཉུང་བ་ཞིག་གིས་ཀྱང་སློབ་གསོ་གླིང་དང་། ཚེ་མཆོག་གླིང་། སྣེའུ་ཁུལ་གསར། དོག་སྡེ་ཤང་། ཉང་བྲན་ཤང་སོགས་ཐག་རིང་སར་སྤྱི་སྤྱོད་རླངས་འཁོར་དང་། བདལ་འཁོར། དྲ་འབོད་རླངས་འཁོར་བཅས་ཧ་ཅང་ཉུང་ཉུང་ཡིན་པས། ཕྱིར་འགྲོ་མིས། ལམ་ཐིག་གཏན་འཁེལ་མེད་ལ། གོང་ཡང་སྐབས་འཕྲལ་དུ་འགྲིག་ཆོག་པས“ནག་འཁོར”ལ་སྡོད་པ་དེ་གྲོང་མིའི་གདམ་ག་གཅིག་པུར་གྱུར་པ་མ་ཟད། “ནག་འཁོར”རྒྱ་ཡན་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།

    2.འགྲོ་གྲོན་སྤྲོད་དགོས་མེད་པས་གཉེར་སྐྱོང་གི་མ་གནས་དམའ་བ།

    འགྲུལ་པ་ཁག་གཅིག་གིས་ཚད་ལྡན་ཀུང་སིའི་བདལ་འཁོར་དང་དྲ་འབོད་རླངས་འཁོར་མི་སྡོད་པར་ཡིན་གཅིག“ནག་འཁོར”ལ་སྡོད་དོན་ཅི་ཡིན་ནམ་ཞེ་ན། བདལ་འཁོར་གཏོང་མྱོང་བའི་ཁ་ལོ་བ་ཀྲང་གིས་ཚད་ལྡན་ཀུང་སིའི་བདལ་འཁོར་ཉིན་ལྟར་ཆུ་ཚོད་12གཏོང་དགོས་པ་མ་ཟད། ཁེ་སྤོགས་སྒོར་600ཙམ་ལས་མི་རག་པའི་ཁར། ཉིན་རེར་དབུགས་བླུགས་པར་སྒོར་120ལྷག་ཙམ་དང་། ཉིན་རེའི་ལྟོ་རིན་སྒོར་50ཡི་ཐོག་ཏུ་འགྲོ་གྲོན་གཞན་བཅག་ཚེ། ཉིན་རེར་ཁེ་བཟང་སྒོར་200ལྷག་ཙམ་ལས་མེད། “ནག་འཁོར”བཏང་ན་སྣུམ་གྲོན་ཕུད། དེ་བྱིངས་ཚང་མ་རང་ལ་བདག་པ་ཡིན་ཞེས་ལན་བཏབ། ཁ་ལོ་བ་ཀྲང་གིས་ད་དུང་གསར་འགོད་པར་རྩིས་ཤིག་བརྒྱབ་པ་སྟེ། སྤྱིར“ནག་འཁོར”མང་ཆེ་བ་ནི་ལག་བརྒྱུད་རླངས་འཁོར་ཡིན་ལ། རླངས་འཁོར་ཉོ་བར་སྒོར་ཁྲི་གསུམ་བཞི་ཙམ་ལས་ཕྱིན་མེད། བསྐྱོད་ཐེངས་རེར་ཆ་སྙོམས་བདལ་གླ་སྒོར་20ལྟར་བརྩིས་ཚེ་ཉིན་གཅིག་ལ་ཐེངས་20བསྐྱོད་པར་སྒོར་400རག་པ་དང་། ཟླ་བ་གཅིག་ལ་ཕབ་ཚེ། ཡོང་སྒོ་སྒོར་ཁྲི་1ལྷག་ཙམ་རག་པས་ཟླ་བ་གསུམ་བཞི་ཙམ་གྱི་རྗེས་རླངས་འཁོར་ཉོས་པའི་རིན་པ་བསགས་ཐུབ་ཀྱི་ཡོད།

    3.རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་ལྟ་འདོམས་ལ་དཀའ་ངལ་འཕྲད་པ།

    ཁྲིམས་སྒྱུར་གྱི་དབང་ཆ་ལྟར་འགྲིམ་འགྲུལ་ཉེན་རྟོག་པས་རླངས་འཁོར་གང་བྱུང་དུ་ཁ་བཀག་པ་དང་འཇོག་པ་སོགས་ཀྱི་འགྲིམ་འགྲུལ་བཅའ་ཁྲིམས་ལས་འགལ་བའི་བྱ་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། འགྲིམ་འགྲུལ་ཁྲིམས་སྒྱུར་སྡེ་ཚན་གྱིས་འཁོར་རིགས་གཉེར་སྐྱོང་དང“ནག་འཁོར”ལ་འགྲུལ་པ་བླུག་ཡོད་མེད་ལ་ཞིབ་བཤེར་ཐག་གཅོད་དང་དཔང་རྟགས་ལེན་པའི་འགན་གཙོ་བོ་འཁུར་བ། གྲོང་ཁྱེར་དོ་དམ་སྡེ་ཚན་གྱིས་ཨར་སྐྲུན་གྱི་གད་སྙིགས་དབོར་འདྲེན་རླངས་འཁོར་དང་། ཨར་འདམ་དཀྲུག་འཁོར། དངོས་ཟོག་སིལ་མ་དབོར་འདྲེན་རླངས་འཁོར་བཅས“རླངས་འཁོར་གསུམ་”ལ་ལྟ་འདོམས་བྱེད་ཀྱི་ཡོད།

    གསར་འགོད་པས་ཁྲིམས་སྒྱུར་མི་སྣ་དང་མཉམ་དུ་ས་གནས་ས་ཐོག་ཏུ་ཁྲིམས་སྒྱུར་བྱེད་སྐབས་ཤེས་རྟོགས་བྱུང་བར། “ནག་འཁོར”ཞིབ་བཤེར་ཐག་གཅོད་བྱེད་སྐབས། རང་དགར་ཆད་པ་གཅོད་ཆོག་གི་མེད། བླང་བྱ་ལྟར་ན། ཁྲིམས་འགལ་གཉེར་སྐྱོང་གི་རླངས་འཁོར་གཏོང་རིགས་ལ་ཆད་པ་གཅོད་པར་ངེས་པར་དུ་ཁ་ལོ་བར་སྐད་ཆ་དྲིས་པའི་ཟིན་བྲིས་དང་། འགྲུལ་པའི་དཔང་ཚིག འབྲེལ་ཡོད་ཀྱི་བརྙན་ལེན་དང་སྒྲ་ཕབ་ཀྱི་དཔྱད་གཞི་སོགས་ཚང་དགོས་ཀྱི་ཡོད། “མི་དང་དངོས་པོའི་དཔང་རྟགས་གཉིས་འཛོམས”ནའང་། འགྲུལ་པ་ཁག་གཅིག་གིས་དཔང་རྟགས་བརྟག་དཔྱད་ལ་གཞོགས་འདེགས་བྱེད་འདོད་མེད་པས་ཁྲིམས་སྒྱུར་ལ་དཀའ་ངལ་འཕྲད་པ་དང་། “ནག་འཁོར”ཁ་ལོ་བས་ཁྲིམས་སྒྱུར་ལ་འགོག་རྒོལ་བྱེད་པ་དང་། ཐ་ན་ཐལ་དྲགས་པའི་བྱ་སྤྱོད་སྤེལ་གྱི་ཡོད། གལ་སྲིད་ཁྲིམས་སྒྱུར་མི་སྣས་ལག་པ་འགུལ་ཐལ་ཤོར་ཚེ། ཁྲིམས་སྒྱུར་རྩུབ་ཐལ་ཤོར་བར་ངོས་འཛིན་བྱེད་ཀྱི་ཡོད།

    ཁྲིམས་སྒྱུར་མི་སྣ་ཁག་གཅིག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་སྐྱེལ་འདྲེན་སྲོལ་ཡིག》ལ་གཞིགས་ཚེ། “ནག་འཁོར”བཙན་ཉར་བྱ་རྒྱུ་མ་ཟད། ཁ་ལོ་བར་དངུལ་ཆད་སྒོར་ཁྲི་3ནས་10བར་གཅོད་རྒྱུ་རེད། ཡིན་ནའང“ནག་འཁོར”གྱི་ཁ་ལོ་བ་ཁག་གཅིག་ནི་ལས་ཀ་མེད་པའམ་ཡང་ན་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་ཡིན་པས། ཁོང་ཚོའི་འཚོ་ཐབས་ཀྱི་ཐབས་ལམ་གཅིག་པོ་དེ་ཡིན་སྟབས་ཁ་ཏ་སློབ་གསོ་གཙོ་བོར་བཟུང་ནས་ཕལ་ཆེ་བར་ཉེས་ཆད་ཡང་པོ་གཅོད་ཀྱི་ཡོད། དེ་ཡང“ནག་འཁོར”ཡང་ཡང་ཐོན་པའི་རྒྱུ་རྐྱེན་གལ་ཆེན་གྱི་གྲས་ཤིག་རེད་ཅེས་དྲང་པོར་བརྗོད།

    བཅོས་སྐྱོང་ཇི་ལྟར་བྱེད་མིན་ཐད་གྲོང་མིའི་བསམ་འཆར་ཉན་པ།

    “ནག་འཁོར”བཅོས་སྒྲིག་བྱེད་པ་ནི་དུས་ཡུན་རིང་ཞིང་ལས་འགན་ལྕི་བའི་ལས་དོན་ཞིག་རེད། བཅོས་སྒྲིག་བྱེད་ཤུགས་ཆུང་དུ་བཏང་ཚེ། “ནག་འཁོར”བསྐྱར་དུ་ཐོན་ཡོང་བས། ཡང་སྙིང“ནག་འཁོར”བཅོས་སྒྲིག་ཇི་ལྟར་བྱེད་དགོས་སམ།

    “ནག་འཁོར”བཅོས་སྒྲིག་གི་གནད་དོན་ལ་དམིགས་ཏེ། གསར་འགོད་པས་བཅར་འདྲི་བྱེད་སྐབས་གྲོང་མི་མི་ཉུང་བ་ཞིག་ལ་གྲོས་འགོ་འདི་ལྟར་ཡོད་པ་སྟེ།

    གཅིག ཁྲིམས་སྒྱུར་གྱི་ཆད་པ་གཅོད་ཤུགས་ཆེ་རུ་བཏང་ནས་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས། གྲོང་ཁྱེར་དང་ས་གནས་ཁག་གི་འཐབ་ས་དང་པོའི་ཁྲིམས་སྒྱུར་མི་སྣས་སྣོལ་སྦྲེལ་ཁྲིམས་སྒྱུར་དང་ས་གནས་ཁག་གི་ཁྲིམས་སྒྱུར་སྡེ་ཚན་ཁག་གིས་མཉམ་འགུལ་ཁྲིམས་སྒྱུར་སོགས་ཀྱི་བྱ་ཐབས་སྤྱད་དེ་དམིགས་འཛུགས་ཞིབ་བཤེར་དང་འཁོར་སྐྱོད་སྐོར་ཞིབ་སོགས་ཀྱི་བྱ་ཐབས་བརྒྱུད། གཙོ་གནད་ས་ཁོངས་དང་། གཙོ་གནད་བྱ་སྤྱོད་སྤེལ་ཡུལ། གཙོ་གནད་དུས་མཚམས་བཅས་སུ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས།

    གཉིས། ཐེར་འདོན་དང་བྱ་དགའ་སྤྲོད་པའི་ལམ་ལུགས་དོན་འཁྱོལ་བྱས་ནས་དམངས་ཡོངས་དེའི་ནང་ཞུགས་སུ་འཇུག་དགོས། “ནག་འཁོར”བཅོས་སྒྲིག་བྱེད་པ་ནི་འབྲེལ་ཡོད་སྡེ་ཚན་གྱི་ལས་ཀ་དང་འགན་འཁྲི་ཙམ་མིན་པར་རྒྱ་ཆེའི་གྲོང་མི་དེའི་ནང་མཉམ་དུ་ཞུགས་དགོས་ཀྱི་ཡོད་པས། བྱ་དགའ་དང་ཐེར་འདོན་ལམ་ལུགས་བཙུགས་ནས་ཐེར་འདོན་གྱི་ཁྱབ་ཁོངས་དང་ཐེར་འདོན་གྱི་ཐབས་ལམ་སོགས་ཀྱི་ནང་དོན་ཁྱབ་བསྒྲགས་བྱས་ཏེ་གྲོང་མིར“ནག་འཁོར”ཐེར་འདོན་བྱེད་པར་ལྕག་སྐུལ་བཏང་ནས་ཁུངས་སྣེ་འདོན་པ་དང“ནག་འཁོར”གྱོད་གཞི་རྩད་གཅོད་ལ་གཞོགས་འདེགས་བྱེད་མཁན་གྲོང་མིར་བྱ་དགའ་འོས་འཚམ་སྤྲད་དེ། “ནག་འཁོར”བཅོས་སྒྲིག་ལ་མང་ཚོགས་ཀྱི་རྨང་གཞི་ངེས་ཅན་ཡོད་པར་བྱེད་དགོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།