སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས།
“རང་ཡུལ་དུ་ཐོན་པའི་སྡོམ་གསོས་བསླུ་བྲིད”ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིག་རྩད་ཆོད་པ།
“རྐུ་འཕྲོག་བསླུ་གསུམ”གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་བའི་ཟངས་གྱང་ལྕགས་རྩིག་ཏན་ཏིག་བསྐྲུན་ཆེད། ཉེ་ཆར་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མྱུལ་ཞིབ་མི་དམངས་ཉེན་རྟོག་པ་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དུ་བསྐྱོད་དེ། རྒྱལ་ཁབ་ཀྱི་གཞུང་ལས་པ་དང་ཏང་སྲིད་འགོ་ཁྲིད་ཀྱི་གཉེན་ཉེར་བརྫུས་ནས་དྲ་རྒྱར་ཉེས་པ་བསགས་་པའི་དོགས་ཡོད་ཉེས་ཅན་ཞིག་བཟུང་སྟེ། དཔལ་འབྱོར་གྱོང་གུན་སྒོར་ཁྲི་5.24མི་ཕོག་པར་བྱས་ཡོད།
ཟླ་5ཚེས་28ཉིན་གྱི་ཆུ་ཚོད་13དང་སྐར་མ་15ཡོལ་ཙམ་ལ་སྒེར་རྩེ་རྫོང་གི་ལས་དོན་པ་ཞིག་གིས་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་དུ་གྱོད་དོན་སྙན་སེང་ཞུས་པ་ལྟར་ན། ཁོང་གིས“ངས་དྲ་ཐོག་ནས་ཆ་རྒྱུས་མེད་པའི་མི་ཞིག་ངོ་ཤེས་པ་མ་ཟད། དེ་དང་གྲོགས་པོ་བསྒྲིགས་པ་ཡིན། དེའི་རིང་སྒོར་ཁྲི་5.24ཁ་བསླུས་བརྒྱབ་བྱུང་བས་སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་གནང་རོགས”ཞེས་བཤད། གྱོད་དོན་སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་མྱུལ་ཞིབ་དང་དཔང་རྟགས་འཚོལ་བའི་ལས་དོན་སྤེལ་ཡོད།
ཞིབ་བཤེར་བྱས་པ་བརྒྱུད། ཐེམ་ཁུངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ནས་ཡིན་པའི་གྲོང་མི་རྡོ་ཆེ་གེ་མོར་ཉེས་པ་བསགས་པའི་དོགས་པ་ཚབས་ཆེན་ཡོད་པས། དེ་མུར་རྫོང་སྤྱི་བདེ་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཉེན་རྟོག་པ་སྐོང་འཐེན་བྱས་ཏེ་རླངས་འཁོར་བཏང་ནས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དུ་བསྐྱོད། ཆུ་ཚོད་38དཀའ་སྤྱད་འབད་འཐབ་བྱས་པ་དང་ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག་ཉེས་གསོག་དོགས་ཅན་1བདེ་བླག་ངང་བཟུང་བ་རེད། འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་རྡོ་ཆེ་གེ་མོས་གཞུང་གི་ལས་བྱེད་པ་དང་དེ་བཞིན་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་གཉེན་ཉེར་བརྫུས་ནས། སྐད་འཕྲིན་བརྒྱུད་གནོད་འཚེ་ཕོག་མཁན་དང་གྲོགས་པོ་བསྒྲིགས་པ་དང་། དེ་རྗེས་ཕར་ཕྱོགས་ལ་ལས་ཀ་སྒྱུར་རོགས་དང་འབྲེལ་བ་འཛུགས་པར་དངུལ་དགོས་མཁོ་ཡོད་ལུགས་རྒྱུ་མཚན་དུ་བྱས་ནས། སྔ་རྗེས་སུ་གནོད་འཚེ་ཕོག་མཁན་གྱི་ས་ནས་སྒོར་ཁྲི་5.24བླངས་པའི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་ཡོད།
མིག་སྔར་ཉེས་གསོག་དོགས་ཅན་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་དང་། གྱོད་གཞི་འདིར་སྔར་བས་མྱུལ་ཞིབ་བྱེད་སྒང་རེད།