དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་3རྩད་བཅད་པ།

    ཉེས་གསོག་དོགས་ཅན་4བཟུང་བ་དང་། གྱོད་འབྲེལ་མ་དངུལ་སྒོར་ཁྲི་76ལྷག་ཙམ་ཚུར་བླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    འདི་ནི་འདྲི་རྩད་བྱ་ཡུལ་ཡིན་པ།

    གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་གྱི་བདེ་འཇགས་ཁྲིམས་ལྟར་བསྲུང་ཆེད། ཉེ་དུས་ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་3བདེ་བླག་ངང་རྩད་བཅད་ནས་ཉེས་གསོག་དོགས་ཅན་4བཟུང་བ་དང་གྱོད་འབྲེལ་མ་དངུལ་སྒོར་769000ཚུར་བླངས་པ་རེད།

    ཟླ་5ཚེས་19ཉིན། ལྷ་ས་གྲོང་ཁྱེར་ཁ་བསླུས་འགོག་ཟོན་ལྟེ་གནས་ལ་ལྷ་ས་གྲོང་ཁྱེར་གྱི་ཀུང་སི་ཞིག་གི་རྩིས་པ་ཀྲང་གིས། མི་ཞིག་གིས་ཀུང་སིའི་འགོ་ཁྲིད་ལ་བརྫུས་ནས་སྒོར་718000ཁ་བསླུས་བརྒྱབ་སོང་ཞེས་ཉེས་དོན་སྙན་སེང་ཞུས། ཉེས་དོན་སྙན་སེང་འབྱོར་རྗེས་ལྷ་ས་གྲོང་ཁྱེར་ཁ་བསླུས་འགོག་ཟོན་ལྟེ་གནས་ཀྱིས་འཕྲལ་དུ་མྱུལ་ཞིབ་ཀྱི་ལས་དོན་སྤེལ་བ་དང་འབྲེལ་གྱོད་འབྲེལ་དངུལ་སྒོར་ཁྲི་139ལྷག་ཙམ་བསྡམས་བཅད་བྱས་པ་རེད། ཟླ་5ཚེས་20དང་ཚེས་22ཉིན། ཧོ་ནན་ཉེན་རྟོག་ཕྱོགས་དང་ཡུན་ནན་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གྱོད་གཞི་དེའི་ཉེས་གསོག་དོགས་ཅན་ཀྲེང་ཆེ་གེ་མོ་དང་ཧྲི་ཆེ་གེ་མོ་བཟུང་བ་རེད།

    འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་གཉིས་པོས་གོང་གསལ་ཀུང་སིའི་འགོ་ཁྲིད་ལ་བརྫུས་ནས་གློག་འཕྲིན་ཁ་བསླུས་བརྒྱབ་པའི་ཉེས་གསོག་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། མིག་སྔར་ཧྲི་ཆེ་གེ་མོ་དང་ཀྲེང་ཆེ་གེ་མོ་གཉིས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་རེད། ཁ་བསླུས་ཐེབས་པའི་དངུལ་སྒོར་ཁྲི་44.9མི་དམངས་ཉེན་རྟོག་པས་ཚུར་བླངས་པ་དང་། གྱོད་གཞི་དེ་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    ཟླ་3ཚེས་25ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ལ་ལྷ་སའི་གྲོང་མི་ཐང་གིས2021ལོའི་ཟླ་6པ་ནས་2022ལོའི་ཟླ་2པའི་བར། རང་ཉིད་མཁའ་འགྲུལ་ཀུང་སི་ཞིག་གི་འགན་འཁུར་བ་ཡིན་ཟེར་བའི་སྐྱེས་པ་ཞིག་གིས་ལྷ་སའི“གང་འདོད་འཕུར”བའི་སྤ་སེ་ཉོ་ཐབས་གསར་པ་སྤྱོད་འགོ་ཚུགས་པར་ཁ་གཡར་ནས་སྔ་རྗེས་སུ་སྒོར་ཁྲི་60ལྷག་ཙམ་ཁ་བསླུས་བརྒྱབ་སོང་ཞེས་ཉེས་དོན་སྙན་སེང་ཞུས་པ་རེད།

    ཉེས་དོན་སྙན་སེང་འབྱོར་རྗེས། ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་རུ་ཆེན་གཉིས་པས་འཕྲལ་མར་གྱོད་དོན་མྱུལ་ཞིབ་ལས་དོན་སྤེལ་ཞིང་། བརྟག་དཔྱད་བྱས་པ་བརྒྱུད་མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོ་གཏན་འཁེལ་བྱས་པ་དང་འབྲེལ། ལིའུ་ཆེ་གེ་མོར་ནད་ཕོག་ནས་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་སྨན་བཅོས་བྱེད་བཞིན་ཡོད་པ་ཤེས། གནས་ཚུལ་ཤེས་རྗེས། མྱུལ་ཞིབ་མི་དམངས་ཉེན་རྟོག་པས་མྱུར་དུ་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་བསྐྱོད་ནས་ལིའུ་ཆེ་གེ་མོ་བཟུང་བ་རེད།

    མིག་སྔར། ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོར་ནད་གཞི་ལྕི་པོ་ཕོག་པས་སྤྱི་བདེ་ལས་ཁུངས་ཀྱིས་དེར་སྡོད་གནས་སུ་ཁྲིམས་ལྟར་ལྟ་ཞིབ་བྱེད་པའི་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ་དང་། ད་ཆ་ཁ་བསླུས་ཐེབས་པའི་དངུལ་སྒོར་ཁྲི་28.5ཚུར་བླངས་པ་རེད། གྱོད་གཞི་དེ་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    ཟླ་4ཚེས་1ཉིན་གྱི་ཆུ་ཚོད་10པ་ཡོལ་ཙམ་ལ། ལྷ་ས་གྲོང་ཁྱེར་ཁ་བསླུས་འགོག་ཟོན་ལྟེ་གནས་ལ་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་ཀྲའོ་ཡིས། ཟླ་4ཚེས་1ཉིན་ཅིང་ཏུང་གི་ཚོང་ཞབས་པ་ཡིན་ཟེར་མཁན་ཞིག་གིས་ཁྱེད་ཀྱི་ཅིང་ཏུང་ཆད་འཛིན་ཐོ་སུབ་དགོས་འདུག གལ་ཏེ་ཐོ་མ་བསུབས་ཚེ་ཡིད་རྟོན་ལ་སྐྱོན་རྒྱག་གི་རེད། དེར་བརྟེན་ངས་བཤད་པ་ལྟར་བྱེད་དགོས་ཟེར་བའི་ཁ་པར་ཞིག་འབྱོར་ནས་སྒོར་241110ཁ་བསླུས་བརྒྱབ་སོང་ཞེས་པའི་ཉེས་དོན་སྙན་སེང་ཞུས་པ་རེད།

    ཉེས་དོན་སྙན་སེང་འབྱོར་རྗེས་ལྷ་ས་གྲོང་ཁྱེར་ཁ་བསླུས་འགོག་ཟོན་ལྟེ་གནས་ཀྱིས་འཕྲལ་མར་བརྟག་དཔྱད་དཔང་ལེན་དང་ཞིབ་འཇུག་དབྱེ་ཞིབ་ལས་དོན་སྤེལ་བ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཉེན་རྟོག་པས་མྱུར་དུ་ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་གཏན་འཁེལ་བྱས་པ་མ་ཟད། དེ་དྲ་ཐོག་བྲོས་བྱོལ་བའི་གྲས་སུ་བཅུག་པ་རེད། ཟླ་4ཚེས་7ཉིན། ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་གསར་སྤེལ་ཁུལ་སྤྱི་བདེ་ཅུས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག་ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་བདེ་བླག་ངང་བཟུང་བ་རེད།

    མིག་སྔར། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་ཉེས་དོན་བཀག་ཉར་བྱས་པ་དང་ཁ་བསླུས་བརྒྱབ་པའི་དངུལ་སྒོར་35000མི་དམངས་ཉེན་རྟོག་པས་ཚུར་བླངས་པ་དང་། གྱོད་གཞི་དེ་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།