དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • 2022ལོའི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣ་གྲགས་ཅན་བཅུའི”བྱས་རྗེས།

    (རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དང་རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    རྩོམ་སྒྲིག་པའི་སྦྲགས་མཆན།

    2022ནི་གལ་འགངས་ཤིན་ཏུ་ཆེ་བ་དང་སྤྱིར་བཏང་གཏན་ནས་མིན་པའི་ལོ་གཅིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་བརྗིད་ཆེའི་འཆར་གཞི་བཀོད་པ་མ་ཟད། གངས་ལྗོངས་ས་མཐོས་དེ་བས་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལམ་བསུས་ཡོད། རང་སྐྱོང་ལྗོངས་ཁྲིམས་འཛིན་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། ཁྲིམས་སྐྱོང་འཛུགས་སྐྱོང་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་གཏིང་ཟབ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་། ཁྲིམས་སྒྱུར་ནན་པོ། ཁྲིམས་འཛིན་གཞུང་དྲང་། དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

    ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་དང་ཁྲིམས་སྐྱོང་གི་སྟོབས་ཤུགས་མངོན་པར་བྱ་ཆེད། དེ་རིང་ནས་བཟུང་པར་ངོས་དྲུག་པའི་ཐོག་2022ལོའི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣ་གྲགས་ཅན་བཅུའི”བྱས་རྗེས(མིང་གྲལ་སྔ་རྗེས་དབྱེ་མེད་པ)རིམ་པ་བཞིན་བཀོད་དེ། ང་ཚོས་ཁྲིམས་སྐྱོང་གྲགས་ཅན་མི་སྣ་དེ་དག་སེམས་ལ་འཇོག་པ་དང་འབྲེལ་ཁོང་ཚོར་གུས་འདུད་ཞུའོ།

    རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཝང་ཕའེ་ཀང་གིས།

    ཐོག་མའི་བསམ་འདུན་མ་བརྗེད་པའི་འགྱུར་མེད་དམ་བཅའ་བཞག་པ།

    ཝང་ཕའེ་ཀང་། སྐྱེས་པ། རྒྱ་རིགས། ཀྲུང་གུང་ཏང་ཡོན། 1971ལོའི་ཟླ་9པར་སྐྱེས། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་རིམ་པ་དང་པོའི་བརྟག་ཞིབ་པ། རང་སྐྱོང་ལྗོངས་ཁྲིམས་རིག་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་དྲུང་ཆེ་ཡིན།

    1996ལོའི་ཟླ་7པར་སློབ་ཆེན་སློབ་ཐོན་སློབ་མ་ཕུལ་བྱུང་ཝང་ཕའེ་ཀང་གིས་རྒྱལ་ཁབ་ཀྱི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་རྗེས་ནག་ཆུར་ལས་བགོས་བརྒྱབ། ཁོང་གིས་སྔ་རྗེས་སུ་ནག་ཆུ་རྫོང་དང་། ལྷ་རི་རྫོང་། ཤན་རྩ་རྫོང་བཅས་སུ་གཞི་རིམ་སྤྱི་བདེའི་ལས་ཀ་བྱས་ནས་ལོ་བཅུ་དྲུག་སོང་ཡོད། དེའི་རིང་ཁོང་གིས་ཇུས་འགོད་བྱས་ནས་བཟོས་པའི《ལས་གནས་དཔྱད་བསྡུར་ལམ་ལུགས》དང《སྐར་མ་རིམ་པའི་དཔྱད་བསྡུར་ལམ་ལུགས》ནག་ཆུའི་སྤྱི་བདེ་ལས་ཁུངས་སུ་ཁྱབ་གདལ་བཏང་ནས་ལག་ལེན་བསྟར་བ་རེད། ཁོང་གིས་རིགས་ཁག་གི་ཉེས་དོན་གྱོད་གཞི་བརྒྱ་ཙམ་ལ་ཐད་ཀར་བཀོད་འདོམས་བྱས་པའམ་མྱུལ་ཞིབ་བྱས་ནས་རྩད་ཆོད་པ་དང་། བདེ་འཇགས་སྲིད་འཛིན་གྱོད་གཞི་300ལྷག་ཙམ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ། དུས་ཆེན་དང་རྟེན་འབྲེལ་མཛད་སྒོ་གལ་ཆེན་གྱི་བདེ་འཇགས་སྲུང་སྐྱོང་དང་གེགས་སེལ་དཀའ་སེལ་ལས་དོན་ནང་ཐེངས་100ལྷག་ཙམ་ཞུགས་པ་རེད།

    2012ལོར་ཝང་ཕའེ་ཀང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དུ་འདེམས་སྒྱུར་བྱས་ནས་ཁྲིམས་སྒྱུར་ལྟ་ཞིབ་དང་བཅའ་ཁྲིམས་དང་གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་ལས་དོན་བསྒྲུབས་ཡོད། ལོ་བཅུའི་རིང་ཁོང་གིས་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཐེངས་360ལྷག་ཙམ་དང་མི་ཐེངས་510ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། བཅའ་ཁྲིམས་དང་གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་180ལྷག་ཙམ་ལྟ་སྐུལ་སྒྲུབ་གཉེར་བྱས་པ། འགལ་ཟླ་མང་པོ་འདུམ་འགྲིག་བྱས་ནས་ལོ་མང་བསགས་པའི་བཅའ་ཁྲིམས་དང་གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་མང་པོ་ཐག་གཅོད་བྱས་ཡོད།

    2019ལོ་ནས་བཟུང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཁྲིམས་སྐྱོང་ཁྲུའི་ཁྲུའུ་ཀྲང་དང་ལྗོངས་ཁྲིམས་རིག་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་དྲུང་ཆེའི་འགན་ཁུར་རྗེས། ཝང་ཕའེ་ཀང་གིས་ནུས་ཤུགས་ཡོད་རྒུས་རང་ལྗོངས་ཀྱི“ཁྲིམས་རིག་མཁས་ཅན་བརྒྱའི་སྙན་ཞུའི་ཚོགས་འདུ་ཐེངས་བརྒྱ”དང་། “གཞོན་ནུ་བཅའ་ཁྲིམས་ཁྱབ་གདལ་དང་བླངས་པས་ཁྲིམས་སྐྱོང་རིག་གནས་གཞི་རིམ་དུ་སྒྲོག་འགྲེལ་བྱེད་པའི་བྱ་སྤྱོད”སོགས་སྤུས་རྟགས་བྱེད་སྒོ་བཏོད་པ་དང་། ཁྲིམས་རིག་གི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་གཙོ་གནད་ཁྱབ་ཁོངས་སུ་ཁྲིམས་རིག་གི་རིགས་པའི་གཞུང་ལུགས་ལ་ལག་ལེན་དང་ཞིབ་འཇུག་བྱས་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་རང་ལྗོངས་སུ་ཁྲིམས་འཛིན་སྒྲིག་གཞི་དང་སྤྱི་ཚོགས་བཅོས་སྐྱོང་སྒྱུར་བཅོས་དོན་འཁྱོལ་ཐུབ་ཡོད།

    ཉེ་བའི་ལོ་ཤས་རིང་། ཁྲིམས་སྐྱོང་འཛུགས་སྐྱོང་དང་། སྲིད་ཁྲིམས་སྒྱུར་བཅོས། ཁྲིམས་རིག་ལྷན་ཚོགས་སོགས་ཀྱི་འགན་འཁྲི་དང་ལས་འགན་ལ་དམིགས་ཏེ། ཁོང་གིས་རང་ལྗོངས་ཀྱི་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་གྲུབ་འབྲས་གལ་ཆེན་94ཐོབ་པར་མཐུན་སྦྱོར་ལྟ་སྐུལ་མཛུབ་ཁྲིད་དང་། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གདམ་གསེས་དང་ཆད་གཅོད་བསླབ་འདོམས་སོགས“ཨུ་ཡོན་ལྷན་ཁང་བཞིའི”སྐབས་བརྗེ་གྲབས་འཛུགས་དང་དེ་བཞིན་ལེགས་སྒྲིག་ལས་དོན་ལ་མཐུན་སྦྱོར་འཛུབ་ཁྲིད། རང་སྐྱོང་ལྗོངས་རིམ་པ་མན་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་རྒྱུ་ནོར་གཅིག་གྱུར་དོ་དམ་གྱི་སྒྱུར་བཅོས་ལས་དོན་ལ་མཐུན་སྦྱོར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་རང་ལྗོངས་སུ་གཞུང་དྲང་དང་། ཕན་ཆེ། དབང་གྲགས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད།

    འགོ་འཛུགས་ས་གསར་པར་བྱས་རྗེས་གསར་པ་དེ་བས་མང་བ་བཞག སྲིད་ཁྲིམས་ལས་ཀ་བྱས་ནས་ལོ་27སོང་བའི་ཝང་ཕའེ་ཀང་གིས་སྔ་ཕྱི་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་བློ་བརྟན་འགྱུར་མེད་ངང་སྲིད་ཁྲིམས་འཐབ་ཕྱོགས་ཐོག་ཏང་དང་མི་དམངས་ཀྱིས་དཀྲིས་པའི་གཟི་བརྗིད་ལྡན་པའི་ལས་འགན་ཡག་པོ་བསྒྲུབས་ཡོད། ཁོང་ལ་སྔ་རྗེས་སུ“ལྗོངས་ཡོངས་ཀྱི་ཏང་ཨུད་ཁོངས་གཏོགས་ཀྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་སྔོན་ཐོན་མི་སྒེར”དང“ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྔོན་ཐོན་མི་སྒེར”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་ལ། བྱས་རྗེས་རིམ་པ་གསུམ་པ་ཐེངས་གསུམ་བཞག་པ་དང་བྱ་དགའ་ཐེངས་མང་ཐོབ་མྱོང་ཡོད།

    བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་འཆི་མེད་ཚེ་རིང་གིས།

    དཔང་རྟགས་ཁུངས་ལེན་བྱས་ནས་གཞུང་དྲང་ཡོང་བར་བྱེད།

    འཆི་མེད་ཚེ་རིང་། སྐྱེས་པ། བོད་རིགས། ཀྲུང་གུང་ཏང་ཡོན། 1993ལོའི་ཟླ་7པར་ལས་ཀར་ཞུགས། བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་དགེ་རྒན་ཆེ་མོ་བ་དང་། རྒྱལ་ཡོངས་ཁྲིམས་འཛིན་ཆོད་སྡོམ་རིགས་གཅིག་མཁས་ཅན་མཛོད་ཀྱི་རིགས་གཅིག་མཁས་ཅན། བོད་ལྗོངས་གངས་རྒོད་ཁྲིམས་འཛིན་ཆོད་སྡོམ་སུའོ་ཡི་འགན་འཁུར་བ། ཆོད་སྡོམ་པ་བཅས་ཡིན།

    2008ལོའི་ཟླ་8པར་བོད་ཀྱི་དངོས་དཔང་ཁྲིམས་འཛིན་ཆོད་སྡོམ་ལས་ཁུངས་གཅིག་པུ་སྟེ“བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་ཁྲིམས་འཛིན་ཆོད་སྡོམ་སུའོ”དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དེ་ཐོག་ནས། རང་ལྗོངས་ཀྱི་དངོས་དཔང་རིགས་ཀྱི་ཁྲིམས་འཛིན་ཆོད་སྡོམ་གྱི་སྟོང་ཆ་བསྐངས་པ་མ་ཟད། རང་ལྗོངས་ཀྱི་དངོས་དཔང་རིགས་ཀྱི་ཁྲིམས་འཛིན་ཆོད་སྡོམ་གྱོད་གཞི་ལྗོངས་ཕྱིར་ཞིབ་སྐྱེལ་བྱེད་པའི་ལོ་རྒྱུས་ཀྱང་མཇུག་འགྲིལ་བ་རེད།

    ཁྲིམས་འཛིན་ཆོད་སྡོམ་སུའོ་བཙུགས་ཚུན། ལྗོངས་ཕྱི་ནང་གི་མངགས་བཅོལ་ཕྱོགས་ལ་ཆོད་སྡོམ་བསམ་འཆར་ཡི་གེ་600ལྷག་ཙམ་བཏོན་པས། ཆོད་སྡོམ་བྱས་འབྲས་ལ་ཁས་ལེན་བྱེད་ཚད་98%ཡན་ཟིན་པ་མ་ཟད། ཞུ་གཏུག་རྒྱག་མཁན་མེད་པའི་སྣང་ཚུལ་རྒྱུན་འཁྱོངས་ཐུབ་པས། ཞབས་ཞུ་བྱ་ཡུལ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁས་ལེན་ཡང་ཐོབ་ཡོད། ཁོང་གི་སྐུལ་འདེད་འོག་རང་ལྗོངས་ཀྱི་བོད་ཡིག་ཟིན་བྲིས་ཀྱི་ཆོད་སྡོམ་རྒྱལ་ཡོངས་དངོས་དཔང་རིགས་ཀྱི་ཁྲིམས་འཛིན་ཆོད་སྡོམ་ལས་རིགས་ཀྱི་སྤུས་རྟགས་རྩེ་གྲ་ཤིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་ཁོང་གིས་ཆེད་ལས་ཀྱི་ལེགས་ཆ་བཏོན་ཏེ་མང་ཚོགས་ལ་དཀའ་ངལ་སེལ་རོགས་བྱས་ནས་སྔ་རྗེས་སུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཆོད་སྡོམ་གྲོན་དངུལ་སྒོར་ཁྲི་30ལྷག་ཙམ་རྩ་ཆག་བཏང་བ་རེད།

    2013ལོར་ཁོང་གིས་མ་ཟིན་བཀོད་པའི《བོད་ཡིག་ཟིན་བྲིས་ཀྱི་ཆོད་སྡོམ་ལག་བསྟར་ཚད་གཞི》ཁྲིམས་འཛིན་པུའུ་ཡིས་དངོས་སུ་ཁས་ལེན་བྱས་པ་མ་ཟད་ཁྱབ་བསྒྲགས་ཀྱང་བྱས་པས། རང་རྒྱལ་གྱི་བོད་ཡིག་ཟིན་བྲིས་ཆོད་སྡོམ་ལས་རིགས་ཀྱི་ཚད་ལྡན་ཚད་གཞི་གཅིག་ཏུ་གྱུར་ཡོད།

    ཁོང་གིས་ཐོག་མཐའ་བར་གསུམ་དུ་རང་གཅུན་ནན་པོ་དང་བློ་སྦྱོང་ནན་པོ་བྱེད་པ་དང་། ཀུན་སྤྱོད་བཟང་པོས་མི་གཞན་ལ་མིག་དཔེ་འདོན་པ། སྲིད་གཙང་ཉམས་ཉེན་ལ་དོགས་ཟོན་བྱེད་པའི་ཉེན་ཟོན་རང་བཞིན་དང་རང་རྟོགས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། གྱོད་གཞི་དཔྱད་གཞིར་བཟུང་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྲིམས་འཛིན་བྱེད་སྒོ་སྣ་ཚོགས་སྤེལ་ཡོད། དེ་དང་ཆབས་ཅིག་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་ཆོད་སྡོམ་པ་སྒྲིག་འཛུགས་ཀྱིས་སྲིད་གཙང་ཉེན་ཟོན་གྱི་སློབ་གསོའི་གློག་བརྙན་བལྟ་རུ་བཅུག་ནས་ཆོད་སྡོམ་པའི་སྲིད་གཙང་རང་གཅུན་གྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། འཇིགས་བཀུར་གྱི་འདུ་ཤེས་བཅས་ཟབ་ཏུ་བཏང་བ་རེད།

    2019ལོར་ཁོང“རྒྱལ་ཡོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པའི་སྔོན་ཐོན་མི་སྒེར”དང་། 2021ལོར“རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ཕུལ་བྱུང་དགེ་རྒན”དང“བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཡག་ཤོས” 2022ལོར་ཁྲིམས་འཛིན་པུའི“རྒྱལ་ཡོངས་ཁྲིམས་འཛིན་ཆོད་སྡོམ་རིགས་གཅིག་མཁས་ཅན་མཛོད”དང“ཀྲུང་གོ་ཉེན་རྟོག་མཐུན་ཚོགས་ཀྱི་ཨུ་ཡོན”བཅས་ལ་བདམས་པ་རེད།

    སླད་ཕྱིན་གྱི་ལས་དོན་ཁྲོད་འཆི་མེད་ཚེ་རིང་གིས་་ཁྲིམས་འཛིན་ཆོད་སྡོམ་གྱི་ཆེད་ལས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས། དོ་ནན་གྱི་ལས་ཀའི་རྣམ་འགྱུར་དང་སྤྱོད་གཙང་རང་གཅུན་གྱི་ལས་ཀའི་བཀོལ་སྤྱོད་ལ་བརྟེན་ཏེ། མང་ཚོགས་ལ་ཞབས་འདེགས་དང་སྤྱི་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་དང་བློ་རིག་སྐྱེས་སུ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།