ལྷོ་ཁའི་སྤྱི་བདེས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་གཅིག་རྩད་བཅད་པ།
འདི་ནི་གྲ་ནང་རྫོང་སྤྱི་བདེ་དྲ་ཐོག་བདེ་འཇགས་མི་དམངས་ཉེན་རྟོག་པས་གྱོད་གཞི་དེའི་ཁྲོད་ཀྱི་དྲ་དམངས་གཅིག(གཡོན)ལ་སྐོང་འདྲི་བྱེད་བཞིན་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་དྲ་རྒྱའི་ཉེན་རྟོག་པར་དྲ་དམངས་ཀྱི་ཐེར་འདོན་ཁ་པར་ཞིག་འབྱོར་ནས། དྲ་དམངས་ཀྱིས་དྲ་རྒྱའི་སྟེགས་བུ་ཞིག་ཏུ་མི་གཉིས་ཀྱིས་ཁྲིམས་འགལ་ངང་རྩེད་ཐང་ནས་གོང་དཀར་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འཕྲལ་སྡོམ་འཁོར་ལམ་བཟུང་ནས་པར་བརྒྱབ་པའི་བརྙན་ལམ་ཡོངས་བསྒྲགས་བྱས་འདུག་ཅེས་བཤད། དྲ་དམངས་ཁ་ཤས་ཀྱིས་ཁྲིམས་འགལ་ངང་མྱུར་བགྲོད་གཞུང་ལམ་གྱི་འཕྲལ་སྡོམ་འཁོར་ལམ་སྤྱད་པ་དེས་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་སླ་བ་དང་། བརྙན་ལམ་དེ་དྲ་ཐོག་ཏུ་བསྐུར་ན་གཞོན་ནུ་ལོ་ཆུང་གིས་ལད་མོ་བྱེད་ཉེན་ཡོད་པས་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་ཡོད་པ་རེད།
ཐེར་འདོན་ཁ་པར་འབྱོར་རྗེས། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་སྤྱི་བདེ་དྲ་བའི་བདེ་འཇགས་མི་དམངས་ཉེན་རྟོག་པས་རྩེད་གོང་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་ཉེན་རྟོག་པ་དང་མཉམ་དུ་ཞིབ་དཔྱད་བྱས་པ་བརྒྱུད། དྲ་དམངས་ཀྱིས་ཐེར་འདོན་བྱས་པ་དེ་དོན་དངོས་ཡིན་པ་ཤེས། ཆུང་ཆེ་གེ་མོ་དང་། བཀྲ་ཆེ་གེ་མོ། བསྟན་ཆེ་གེ་མོ་བཅས་ཀྱིས་དྲ་ཐོག་ཏུ་དོ་སྣང་བྱེད་མཁན་མང་དུ་གཏོང་ཆེད། ཟླ་5ཚེས་22ཉིན་རྩེད་གོང་མྱུར་བགྲོད་གཞུང་ལམ་གྱི་འཕྲལ་སྡོམ་འཁོར་ལམ་ཁྲིམས་འགལ་ངང་བཟུང་བའི་བརྙན་ཐུང་པར་བླངས་ཏེ་དྲ་ཐོག་ཏུ་བསྐུར་བ་རེད། རྩེད་གོང་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་ཉེན་རྟོག་པས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གྱོད་འབྲེལ་ཁ་ལོ་བ་སྲི་ཆེ་གེ་མོས་ཁྲིམས་འགལ་ངང་མྱུར་བགྲོད་གཞུང་ལམ་གྱི་འཕྲལ་སྡོམ་འཁོར་ལམ་བཟུང་བའི་བྱེད་སྤྱོད་ལ་གཞིགས་ནས། ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་9འཐེན་པ་དང་དངུལ་ཆད་སྒོར་200བཅད་པ་རེད། གྲ་ནང་རྫོང་སྤྱི་བདེ་དྲ་ཐོག་བདེ་འཇགས་མི་དམངས་ཉེན་རྟོག་པས་ཆུང་ཆེ་གེ་མོ་དང་། བཀྲ་ཆེ་གེ་མོ། བསྟན་ཆེ་གེ་མོ་བཅས་ཀྱིས་དྲ་ཐོག་ཏུ་ཚུལ་མིན་བརྙན་ལམ་བསྐུར་བར་སྐོང་འདྲི་བྱས་པ་རེད།
སྐོང་འདྲི་བྱས་ནས་སློབ་གསོ་བརྒྱབ་པ་བརྒྱུད། མི་གསུམ་པོས་རང་རང་གི་ཚུལ་མིན་བྱེད་སྤྱོད་ཀྱིས་སྤྱི་ཚོགས་ལ་གནོད་འཚེ་བཟོས་པར་ངོས་འཛིན་གཏིང་ཟབ་བྱུང་ནས། སླད་ཕྱིན་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ། ཀུན་སྤྱོད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱེད་སྤྱོད་དང་། ཚུལ་མིན་གྱི་དྲ་རྒྱའི་བྱེད་སྤྱོད་མཐའ་དག་དོར་ནས་དྲ་རྒྱའི་ཁོར་ཡུག་བཟང་པོར་རང་འགུལ་ངང་སྲུང་སྐྱོང་བྱ་རྒྱུའི་ཁས་བླངས་པ་རེད།