འགྲིམ་འགྲུལ་དོ་དམ་གྱི་དམངས་ཕན་བྱ་ཐབས་གསར་པ་ཁག་བཅུ་དངོས་སུ་ལག་ལེན་བསྟར་བ།
ཉེ་ཆར། སྤྱི་བདེ་པུས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་མང་ཚོགས་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་དམངས་ཕན་བྱ་ཐབས་ཁག་10བཏོན་པ་དང་། ཟླ་6ཚེས་1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་བ་རེད། བྱ་ཐབས་གསར་པ་ཁག་10འདི་དག་ནི་ལག་ཁྱེར་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་བསྐྲུན་པ་དང་། མང་ཚོགས་ཀྱི་འགྲོ་སྐྱོད་ལ་ཞབས་འདེགས་ཞུ་བ། “དྲ་སྦྲེལ་དང་འགྲིམ་འགྲུལ་དོ་དམ་ཟུང་འབྲེལ”གྱི་ཞབས་ཞུ་གསར་གཏོད་སོགས་ཕྱོགས་གསུམ་ལ་དབྱེ་ཡོད། དེའི་ནང་ཁ་ལོ་བའི་ལག་ཁྱེར་གཉེར་བ་དང་། གྲོང་ཁྱེར་གྱི་འགྲིམ་འགྲུལ་སྒྲིག་ལམ། ལས་འཛོལ་དང་ཁྲིམས་འགལ་ཐག་གཅོད། ཁ་ལོ་བར་སློབ་གསོ་ཞིབ་བཤེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་སོགས་ཚུད་ཡོད། བྱ་ཐབས་གསར་པ་དེ་དག་ལས་ལྷ་སའི་གྲོང་མིས་སྟབས་བདེ་གང་དག་ལོངས་སྤྱོད་ཐུབ་བམ། དེའི་ཐད་གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ཡི་རིམ་པ་བཞི་པའི་ཉེན་རྟོག་དཔོན་ཀྲང་ཤན་ཝུའེ་ལ་བཅར་འདྲི་བྱས་པ་རེད།
འདི་ནི་གྲོང་མིས་ལྷ་ས་འཁོར་རིགས་དོ་དམ་སུའོ་རུ་ལས་སྒོ་གཉེར་བཞིན་པ།
ལག་ཁྱེར་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་བསྐྲུན་པ།
ལག་བརྒྱུད་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཉོ་ཚོང་བྱེད་པར་གྲོང་ཁྱེར་བསྒྲལ་ནས་འགྲོ་ལུགས་གཉེར་ཆོག་པ།
ལྷུ་ཚིགས་སྔར་བས་ཉུང་དུ་གཏོང་བ་དང་། ཡིག་ཆ་སྔར་བས་ཉུང་དུ་གཏོང་བ། དུས་བཀག་སྔར་བས་ཐུང་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་གང་ལེགས་བསྐྲུན་པ་དང་ཁེ་ལས་དང་ལས་རིགས་འཕེལ་རྒྱས་ལ་དེ་བས་རམ་འདེགས་ཡག་པོ་བྱ་ཆེད། སྤྱི་བདེ་པུས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཟབ་ཏུ་དང་ལག་ཁྱེར་ཉུང་དུ་གཏོང་བའི་དམངས་ཕན་གྱི་བྱ་ཐབས་གསར་པ་ཁག་3བཏོན་པའི་ནང་ཁག་གཉིས་ལྷ་ས་གྲོང་ཁྱེར་དུ་ལག་ལེན་བསྟར་རྒྱུ་རེད། ཀྲང་ཤན་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་6ཚེས་1ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་ལག་བརྒྱུད་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ནང་བཤུག་ཐོ་འགོད་བྱེད་པའི“ལག་ཁྱེར་གཅིག་འཐུས”ཀྱི་འགྲོ་ལུགས་གཉེར་སྟངས་ལག་ལེན་བསྟར་རྒྱུ་ཡིན་པས། ཐེམ་ཐོ་གནས་ཡུལ་མིན་པའི་ས་ཆར་གཉེར་སྐྱོང་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་ནང་བཤུག་ཐོ་འགོད་དང་སྡོད་གནས་སུ་བསྒྱུར་བར་རེ་འདུན་ཞུ་མཁན་གྱིས་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཁོ་ནས་འགྲོ་ལུགས་གཉེར་ཆོག་པས་དེ་སྔོན་ལྟར་གནས་སྐབས་སྡོད་གནས་ཀྱི་ངོ་སྤྲོད་དགོས་ཀྱི་མེད། “ལྷ་སའི་གྲོང་མིས་ལས་སྒོ་དེ་རེ་ཞུ་བྱེད་སྐབས་ཐོབ་ཐང་ལག་ཁྱེར་དང་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་ཁྱེར་ནས་ཐག་ཉེ་སའི་འཁོར་རིགས་དོ་དམ་སུའོ་འམ་ཡང་ན་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཞབས་ཞུ་ས་ཚིགས་སུ་གཉེར་ན་ཆོག་པ་དང་། དཔྱད་གཞིའི་ཡིག་རིགས་གཞན་དག་མི་དགོས་པས་དེ་བས་སྟབས་བདེ་རུ་ཕྱིན་ཡོད” ཅེས་ཀྲང་ཤན་ཝུའེ་ཡིས་བཤད།
དམག་མིས་ཟོག་འདྲེན་རླངས་འཁོར་ཆེ་གྲས་ཀྱི་ཁ་ལོ་བའི་ལག་ཁྱེར་བརྗེ་བར་སྟབས་བདེ་བསྐྲུན་པའི་ཐད། དམག་དཔུང་གི་འགྲུལ་སྐྱེལ་དང་ཟོག་འདྲེན་རླངས་འཁོར་ཆེ་གྲས་དང་འབྲིང་གྲས་ཀྱི་ཁ་ལོ་བའི་ལག་ཁྱེར་B2ལ་བརྗེ་བར་དཔུང་སྡེའི་འབྲེལ་ཡོད་སྡེ་ཚན་གྱིས་དམག་སྐུལ་དང་ལེན་ཞུ་རིང་འགྲུལ་སྐྱེལ་དང་ཟོག་འདྲེན་རླངས་འཁོར་ཆེ་གྲས་དང་འབྲིང་གྲས་གཏོང་མྱོང་བ་ཞིབ་བཤེར་ཁས་ལེན་བྱས་རྗེས། ཁ་ལོ་བའི་རྒྱུགས་དང་པོ་ལོན་ན་ལག་ཁྱེར་བརྗེ་ཆོག་པ་དང་རྒྱུགས་གསུམ་པ་གཏོང་དགོས་ཀྱི་མེད། “གཞན་ཡང་སྒེར་འཁོར་གསར་པར་ཨང་རྟགས་བསྒར་སྐབས་ཞིབ་བཤེར་མི་དགོས་པའི་ཚོད་ལྟའི་ས་ཚིགས་རྒྱ་ཆེར་གཏོང་བའི་ཐད། ལྷ་ས་ཚོད་ལྟའི་གྲོང་ཁྱེར་31གི་གྲས་སུ་ཚུད་མེད་ཀྱང་རླངས་འཁོར་ཚོགས་པ་དང་པོ་སྟེ་ཏ་ཀྲུང་རླངས་འཁོར་ཚད་ཡོད་ཀུང་སི་དང་ཀྲུང་གོ་རླངས་འཁོར་ཚོགས་པ་དང་པོའི་ཚད་ཡོད་ཀུང་སི་སོགས་ཁེ་ལས་29ཡིས་ཐོན་སྐྱེད་བྱས་པའི་ཞིབ་བཤེར་རླངས་འཁོར་ཡིན་ན། གྲོང་མིས་ཐོ་འགོད་ཞབས་ཞུའི་ས་ཚིགས་སུ་ཐོ་འགོད་རེ་ཞུ་བྱེད་སྐབས་འཁོར་རིགས་དོ་དམ་སུའོ་ཡིས་ཆ་འཕྲིན་མ་ལག་བརྒྱུད་ཞིབ་བཤེར་ཆ་འཕྲིན་ཕབ་ཆོག་པས་རླངས་འཁོར་ལ་བསྐྱར་དུ་ཞིབ་བཤེར་བྱེད་དགོས་ཀྱི་མེད”ཅེས་ཀྲང་ཤན་ཝུའེ་ཡིས་བཤད།
མང་ཚོགས་ལ་ཞབས་འདེགས་ཞུ་བ།
སྤྱི་སྤྱོད་རླངས་འཁོར་སྔོན་འཇོག་གི་བསམ་བློ་མཐའ་འཁྱོངས་བྱེད་པ།
གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འཁོར་ལམ་དོ་དམ་ལེགས་སུ་གཏོང་བའི་ཐད། བྱེད་ཐབས་གསར་པའི་ནང་འཁོད་དོན། སྤྱི་སྤྱོད་རླངས་འཁོར་སྔོན་དུ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འཁོར་ལམ་བསྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་སྟེ། སྤྱི་སྤྱོད་རླངས་འཁོར་གྱི་ཐེངས་གྲངས་གཞིར་བཟུང་ཚན་རིག་དང་མཐུན་པའི་ངང་ཆེད་སྤྱོད་དུས་མཚམས་གཏན་འཁེལ་བྱེད་པ་དང་། དུས་མཚམས་གཞན་དག་ལ་སྤྱི་ཚོགས་ཀྱི་འཁོར་རིགས་སྐྱོད་ཆོག སྤྱི་སྤྱོད་རླངས་འཁོར་གྱི་མྱུར་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚན་པའི་དུས་གཏན་རླངས་འཁོར་དང་ཆེད་སྤྱོད་སློབ་འཁོར་སོགས་སྐྱེལ་འདྲེན་ནུས་པ་ཆེ་བའི་འགྲུལ་སྐྱེལ་རླངས་འཁོར་ཡིན་ན་ཆེད་སྤྱོད་དུས་མཚམས་སུ་ཆེད་སྤྱོད་འཁོར་ལམ་དུ་བསྐྱོད་དུ་བཅུག་ནས་གཞུང་ལམ་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་དགོས། ཞིབ་ཕྲའི་ཆེད་སྤྱོད་དུས་མཚམས་དང་། རླངས་འཁོར་གྱི་རིགས། དེ་བཞིན་དོ་དམ་བྱེད་སྟངས་བཅས་ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏན་འཁེལ་བྱེད་དགོས། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། 2019ལོའི་ཟླ་11ཚེས་13ཉིན་ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འཁོར་ལམ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ཀྱང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འཁོར་ལམ་དོ་དམ་བྱེད་ཐབས་ལེགས་སུ་བཏང་ནས་སྤྱི་པའི་འགྲིམ་འགྲུལ་ཤར་བགྲོད་ཐུབ་ཚད་མཐོ་རུ་བཏང་སྟེ་གྲོང་མི་ཕྱིར་བསྐྱོད་ལ་སྟབས་བདེ་བསྐྲུན་ཡོད།
ཞབས་ཞུ་གསར་དུ་གཏོད་པ།
འགྲིམ་འགྲུལ་ལས་སྒོ་དྲ་ཐོག་ནས་གཉེར་ཆོག་པ།
ལོ་ན་མཐོ་བའི་ཁ་ལོ་བར་བསྐྲུན་པའི་སྟབས་བདེ་ཡོང་བའི་ཐད། བྱ་ཐབས་གསར་པའི་ནང་ཡིག་འབྲུ་ཆེ་བའི“འགྲིམ་འགྲུལ་དོ་དམ་12123”APPཡི་པར་ངོས་བཏོན་ནས། “ལག་ཁྱེར་གསབ་བརྗེ་ལེན་གསུམ”དང“ཁྲིམས་འགལ་ཐག་གཅོད”སོགས་ཡང་སེ་གཉེར་བའི་ལས་སྒོའི་ནུས་པ་དང་དྲ་ངོས་ལེགས་སུ་བཏང་སྟེ། ཡིག་འབྲུ་ཆེ་བ་དང་མཐེབ་གནོན་ཆེ་བའི་དྲ་ངོས་ཇུས་འགོད་བྱས་ནས་ལོ་ན་མཐོ་བའི་ཁ་ལོ་བས་ལག་ཐོགས་ཁ་པར་སྤྱོད་པའི་གོམས་གཤིས་དང་དྲ་ཐོག་ལས་སྒྲུབ་ཀྱི་དགོས་མཁོ་སྔར་བས་བསྐངས་ཏེ་ལོ་ན་མཐོ་བར་དྲ་ཐོག་ལས་སྒྲུབ་ཀྱི་སྟབས་བདེ་བསྐྲུན་ཡོད། “བྱ་ཐབས་གསར་པ་ཁྱབ་གདལ་བཏང་རྗེས‘འགྲིམ་འགྲུལ་དོ་དམ་APP12123’སྔར་བས་བཀོལ་སྤྱོད་བདེ་བ་དང་། ལྷག་པར་དུ་གལ་ཆེ་བ་དང་ཡང་སེ་སྒྲུབ་དགོས་པའི་དོན་ཚན་གྱི་པར་ངོས་སྔར་བས་ལེགས་སུ་འགྲོ་བ་མ་ཟད། ཡིག་འབྲུ་ཆེ་བའི་APPཡི་པར་ངོས་ལས་ལོ་ན་མཐོ་བའི་ཁ་ལོ་བ་ཚོའི་ལས་སྒྲུབ་ཀྱི་དགོས་མཁོ་སྔར་བས་ལེགས་པར་སྐོང་ཐུབ”ཅེས་ཀྲང་ཤན་ཝུའེ་ཡིས་བཤད།
ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་གསོག་པའི་ཞིབ་དཔྱད་སློབ་སྦྱོང་བྱེད་ས་དྲ་ཐོག་ནས་བསྒྱུར་བར་སྟབས་བདེ་སྐྲུན་པའི་ཐད། ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་གསོག་པའི་ཞིབ་དཔྱད་སློབ་སྦྱོང་བྱེད་ས་སྒྱུར་དགོས་རིགས་ཀྱིས“འགྲིམ་འགྲུལ་དོ་དམ་APP12123”ནས་ཐད་ཀར་རེ་འདུན་ཞུ་ཆོག་པ་དང་། དེ་སྔའི་རེ་འདུན་ཞུ་ཡུལ་དུ་འགྲོ་ལུགས་གཉེར་བར་ཡིན་གཅིག་འགྲོ་དགོས་ཀྱི་མེད། དེས་མང་ཚོགས་ཐག་རིང་དུ་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་སྐྱོད་པར་སྟབས་བདེ་བསྐྲུན་རྒྱུ་དང་འགྲུལ་སྐྱེལ་དང་ཟོག་འདྲེན་ཁ་ལོ་བས་ས་ཆ་གཞན་དུ་ལས་ཀ་བྱེད་པར་ཞབས་འདེགས་ཞུས་ཡོད།