“ཉེན་དོན་ཁང་ཆུང་ངུས”“དམངས་འཚོའི་དོན་ཆེན”སྒྲུབ་རོགས་བྱས་པ།
—— མངའ་རིས་རི་གསུམ་མཐའ་མཚམས་མངགས་གཏོང་ཁང་ལྕགས་སྒང་གྲོང་ཚོའི་ཉེན་དོན་ཁང་གིས་མང་ཚོགས་ཀྱི་དཀའ་ངལ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པའི་སྐོར་བཀོད་པ།
འདི་ནི་མི་དམངས་ཉེན་རྟོག་པས་གྲལ་བཤེར་བྱེད་བཞིན་པ།
འདི་ལོ་ཚུན་དུ། མངའ་རིས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཁག་ལས་འགོ་ཚུགས་པ་དང་དེ་བཞིན་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་བ་དང་བསྟུན་ནས། ལས་མི་དང་ཡུལ་སྐོར་བ་འབོར་ཆེན་བསླེབས་པས་ཁོངས་གཏོགས་ཁུལ་དེའི་དོ་དམ་ཚོད་འཛིན་ལ་འགྲན་སློང་ཆེན་པོ་འཕྲད། “ཉེན་དོན་ཁང་ཆུང་ངུས”“དམངས་འཚོའི་དོན་ཆེན”སྒྲུབ་རོགས་བྱས་ཏེ་ཉེན་རྟོག་པ་དང་མི་དམངས་དབར་གྱི་བརྩེ་བ་ཟབ་ཏུ་བཏང་བ་རེད།
ཉེན་དོན་ལེགས་པར་བསྒྲུབས་ནས་དམངས་ཀྱི་བདེ་འཇགས་སྲུང་།
2022ལོའི་ཟླ་6པར། མཉམ་སྡེབ་ཀྱི་ཆུ་ཡུར་ལ་གཏོར་སྐྱོན་ཕོག་པར་བརྟེན་ལྕགས་སྒང་གྲོང་ཚོའི་མང་ཚོགས་གཉིས་སུས་བཟོ་བའི་ཐད་རྩོད་པ་ཤོར་བ་མ་ཟད། ཐ་ན་གཞུ་རེས་ཀྱང་བཏང་བས་མི་གཅིག་ལ་རྨས་སྐྱོན་ཕྲན་བུ་ཕོག
“ཁྱེད་ཚོ་སྤུན་མཆེད་ཡིན་པས་དོན་དག་གང་ཡིན་ཡང་གྲོས་བསྡུར་བྱེད་དགོས། དེ་འདྲ་བྱེད་དགོས་དོན་མེད”མི་དམངས་ཉེན་རྟོག་པ་ཕུར་བུ་དོན་གྲུབ་ཀྱིས་གནས་ཚུལ་དེ་ཤེས་རྗེས་མང་ཚོགས་གཉིས་པོ་ཉེན་དོན་ཁང་དུ་མཉམ་དུ་འདུམ་འགྲིག་བྱེད་པར་བོས་པ་དང་། བཅའ་ཁྲིམས་ཀྱི་འགན་འཁྲིའི་གཏོགས་ཁོངས་གསལ་བཤད་བྱས་མཐར་ཁོ་གཉིས་འདུམ་འགྲིག་བྱུང་བ་རེད།
“ཁྱིམ་མཚེས་དབར་འགལ་བ་བྱུང་ཚེ་དུས་ཐོག་ཏུ་བར་འདུམ་བྱེད་མཁན་བཙལ་ནས་བར་འདུམ་བྱེད་དགོས” 2022ལོའི་ཟླ་12ཚུན། ཨ་རུ་གྲོང་ཚོ་ནས་གནས་སྤོས་པའི་གྲོང་མི་དང་ལྕགས་སྒང་གྲོང་ཚོའི་གྲོང་མི་མགྱོགས་མྱུར་འཆམ་མཐུན་མཉམ་གནས་ཡོང་ཆེད། རི་གསུམ་མངགས་གཏོང་ཁང་གིས་རུ་ཐོག་རྫོང་ཁྲིམས་འཛིན་ཅུས་དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་ཚོའི“ཨུ་ལྷན་གཉིས”སོགས་དང་མཉམ་དུ་མཉམ་འབྲེལ་ལས་ཀའི་ལམ་སྲོལ་བཟོས་ནས། གྲོང་ཚོ་དང་། ཚོང་ཁང་། ཇ་ཁང་། ལས་ཡུལ་སོགས་སུ་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་པའི་ལས་དོན་སྤེལ་ཏེ་འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་སྔོན་འགོག་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བ་རེད།
འབྲེལ་ཡོད་གནས་སྤོའི་སྲིད་ཇུས་ཀྱི་བླང་བྱ་གཞིར་བཟུང་། ཨ་རུ་གྲོང་ཚོའི་དུད་ཚང་90ཡི་མི་358ལྕགས་སྒང་གྲོང་ཚོར་སྤོས་རྗེས། ལྕགས་སྒང་གྲོང་ཚོའི་ཉེན་དོན་ཁང་གི་ལས་འབོར་ཆེ་རུ་ཕྱིན། རི་གསུམ་མངགས་གཏོང་ཁང་གི་སློབ་སྟོན་པས“གྲོང་མི་300ལྷག་ཙམ་མང་དུ་ཕྱིན་པ་དེས་ས་གནས་དེ་གའི་སྔར་ཡོད་ཀྱི་ལས་མི་བཀོལ་སྤྱོད་བྱེད་སྟངས་དང་འབྲོག་ར་བགོ་བཤའ་རྒྱག་སྟངས་སོགས་ལ་རྙོག་དྲ་ཆེན་པོ་ཐོན། ཨ་རུ་གྲོང་ཚོའི་གྲོང་མི་ལྕགས་སྒང་གྲོང་ཚོར་མ་སྤོས་གོང་མངགས་གཏོང་ཁང་དེས་གྲོང་ཚོ་གཉིས་ཀྱི་གྲོང་མི་དང་ལས་ཡུལ་གྱི་ལས་མི་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་མཐིལ་རྟོགས་གྲལ་བཤེར་ཐེངས་མང་བྱས་ནས་འགལ་བ་དང་རྩོད་གཞི་ཐོན་བཟོ་ཡོད་པའི་གནད་དོན་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་ཁོང་དུ་ཆུད་པར་བྱས་ཡོད་ཅེས་བཤད།
གཉིས་ཁེ་གཉིས་ཕན་གྱིས་ཁེ་ཕན་ཆེ་ཤོས་འཚོལ་ཐབས་བྱེད་ཅིང་། ཟླ་4པའི་ཟླ་འགོར། ལྕགས་སྒང་གྲོང་ཚོར་ལས་འགོ་ཚུགས་པའི་ཚ་རླབས་ཤིག་འཕྱུར་བ་དང་། ལྕགས་སྒང་གྲོང་ཚོའི་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པས་ལས་ཡུལ་དང་གྲོང་ཚོ་གཉིས་ཀྱི་འགན་འཁུར་བ་དང་གྲོང་མིའི་འཐུས་མི་གདན་དྲངས་ཏེ་ལས་འགོ་བདེ་བླག་འཛུགས་ཐུབ་པའི་འགན་ལེན་དང་གྲོང་ཚོ་དེ་གའི་ལས་མི་སྔོན་ལ་བཀོལ་སྤྱོད་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་ཐེངས་མང་བྱས་ནས། གྲོང་མིའི་ཁེ་ཕན་འགན་ལེན་གང་ཐུབ་བྱས་པ་དང་ཆབས་ཅིག་འགལ་བ་དང་རྩོད་གཞི་ཐོན་ཡུལ་འབྱུང་རྩ་ནས་བཀག་འགོག་བྱས་པ་རེད།
“ད་ཆ་ང་ཚོར་འགལ་བ་དང་རྩོད་གཞི་གང་ཞིག་བྱུང་རུང་། སྔོན་ལ་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པ་བཙལ་ནས་འདུམ་ཐབས་བྱེད་ཀྱི་ཡོད་ལ། ཐག་གཅོད་མ་ཐུབ་ཚེ་བཅའ་ཁྲིམས་ཀྱི་རོཌ་རམ་ཐོབ་ཐབས་བྱེད་ཀྱི་ཡོད”ཅེས་ལས་ཡུལ་དུ་ལས་ཀ་བྱས་ནས་ཟླ་4ཙམ་སོང་བའི་ཨ་རུ་གྲོང་ཚོའི་གྲོང་མི་ཕུར་བཀྲ་ཡིས་བཤད།
བྱ་བ་ཆུང་ཙག་ནས་དམངས་སེམས་དྲོ་བར་བྱེད།
ཆུ་ཟོམ་ཁྱེར་ནས་སྨི་བརྒྱའི་སར་འགྲོ་འོང་བྱེད་པ་ནི་དར་མ་ཞིག་ལ་མཚོན་ན་གླེང་རིན་མེད་པ་ཞིག་རེད། འོན་ཀྱང་ལོ་ན་མཐོ་ཞིང་འགྲོ་སྐྱོད་མི་བདེ་བའི་ལྕགས་སྒང་གྲོང་ཚོའི་ལོ་81ལ་སླེབས་པའི་མི་ཧྲེང་རྒན་རྒོན་བསམ་སྐྱིད་ལ་མཚོན་ན་དཀའ་ངལ་ཆེན་པོ་ཞིག་རེད། ལག་གཅིག་ཏུ་འཁར་རྒྱུག་འཁྱེར་དགོས་པ་མ་ཟད། ལག་གཞན་དེར་ཆུ་ཟོམ་འཁྱེར་དགོས་པ་ནི་དངོས་གནས་ཁག་པོ་ཡོད།
“ཨ་མ་ལགས། ཁྱེད་ཀྱི་ཁྱིམ་དུ་འཐུང་ཆུ་རྫོགས་ན་ང་ལ་ཁ་པར་རྒྱག་རོགས”ཞེས་མི་དམངས་ཉེན་རྟོག་པ་ཕུར་བུ་དོན་གྲུབ་ཀྱིས་འཚམས་འདྲི་བྱེད་རིང་གནས་ཚུལ་དེ་ཤེས་རྗེས་རྒན་མོའི་ལག་ཐོགས་ཁ་པར་དུ་རང་ཉིད་ཀྱི་ཁ་པར་ཨང་གྲངས་བསྣན་པ་མ་ཟད། རྒན་མོ་ལ་དཀའ་ངལ་འཕྲད་སྐབས་དུས་ཐོག་ཏུ་ཁ་པར་བརྒྱབ་ནས་འབྲེལ་བ་བྱེད་དགོས་པའི་མངགས་བཅོལ་ཡང་བྱས། དེ་ནི་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པའི(ལས་རོགས་ཉེན་རྟོག་པ)རྒྱུན་གཏན་གྱི་ལས་ཀའི་བསྡུས་རིས་ཤིག་རེད།
དུས་བཀག་ལྟར་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་དང་། མི་དམངས་ཉེན་རྟོག་པའི་འབྲེལ་གཏུག་གཱ་སྤྲོད་པ། ཉིན་གཅིག་ལ་སྐོར་གཡེང་ཐེངས་གཉིས་སོགས། ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པས(ལས་རོགས་ཉེན་རྟོག་པ)ཁོངས་གཏོགས་ཁུལ་དུ་སྐོར་གཡེང་བྱེད་མང་དུ་གཏོང་བ་དང་། གྲོང་མིར་འཕྲད་པའི་དཀའ་ངལ་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད། མང་ཚོགས་དང་སྤེལ་རེས་གཏིང་ཟབ་བཅས་བྱས་ནས་གྲོང་མིའི་ཉེ་འགྲམ་གྱི་དམངས་ཕན་ཉེན་དོན་ཁང་ཞིག་བཏོད་ཡོད།
ད་ཆ་ལྕགས་སྒང་གྲོང་ཚོར་ཨ་རུ་གྲོང་ཚོའི་གྲོང་མི་ཡིན་ནའང་འདྲ། ལྕགས་སྒང་གྲོང་ཚོའི་སྔར་ཡོད་ཀྱི་གྲོང་མི་ཡིན་ནའང་འདྲ། ཡང་ན་ལས་ཡུལ་གྱི་འགན་འཁུར་བ་དང་བཟོ་པ་གང་ཡིན་རུང་ཚང་མར་མི་དམངས་ཉེན་རྟོག་པ་དང་འབྲེལ་བ་བྱེད་པའི་གཱ་རེ་ཡོད། “ཉིན་ལྟར་ཁྲོམ་གཞུང་དུ་མི་དམངས་ཉེན་རྟོག་པ་མཐོང་རྒྱུ་ཡོད། ཁོང་ཚོ་ཡོད་པས་ང་ཚོ་བློ་བདེ་པོ་འདུག”ཅེས་སྟོད་པ་ཚང་ཇ་ཁང་གི་སྦྱིན་བདག་གིས་བཤད།
འདི་ལོ་ནས་བཟུང་ཉེན་དོན་ཁང་གིས་མང་ཚོགས་ལ་མི་དམངས་ཉེན་རྟོག་པ་དང་འབྲེལ་བ་བྱེད་པའི་གཱ་330སྤྲད་པ་དང་། མང་ཚོགས་ལ་བྱ་བ་དངོས་21བསྒྲུབས་པ། མང་ཚོགས་དུད་ཚང་210ལྷག་ཙམ་དང་མི་ཐེངས་1300ལྷག་ཙམ་ལ་འཚམས་འདྲི་བྱས་པ་རེད།
འཕེལ་རྒྱས་ལ་གཞོགས་འདེགས་བྱས་ནས་དམངས་ཀྱི་ཁེ་ཕན་སྲུང་།
“ངའི་བསམ་པར་ཁོང་ཚོས་ང་ཚོའི་ལག་ཁྱེར་ཞིབ་བཤེར་བྱེད་པར་ཡོང་གི་འདུག་སྙམ་བྱུང་། བསམ་ཡུལ་ལས་འདས་པར་ཁོང་ཚོས་ང་ཚོ་བཟོ་པ་ཚོར་ས་མཐོར་གསོ་རླུང་མི་འདང་བ་སྔོན་འགོག་ཇི་ལྟར་བྱེད་དགོས་མིན་བསླབས་བྱུང་བས་དངོས་གནས་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་ལྕགས་སྒང་གྲོང་ཚོའི་ལྷན་སྦྱར་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་ཡུལ་གྱི་འགན་འཁུར་བ་ཝང་ཐའོ་ཡིས་བཤད། ལས་ཡུལ་དུ་བཅའ་སྡོད་བྱས་རྗེས་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པས(ལས་རོགས་ཉེན་རྟོག་པ)འཕྲལ་མར་སྒོ་རྩར་ཡོང་སྟེ་ཕྱོཌ་མིའི་ཆ་འཕྲིན་འཚོལ་བསྡུ་དང་། མི་དམངས་ཉེན་རྟོག་པར་འབྲེལ་བ་བྱེད་པའི་གཱ་སྤྲོད་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》 དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་པ་མ་ཟད། ལས་བཟོ་ཚོའི་སེམས་སུ་བཅའ་ཁྲིམས་ཀྱི་ཤེས་བྱ་གཏིང་ཟབ་ཟུག་པར་བྱས་ཡོད།
ཉེན་དོན་ཁང་དེས“དུས་བཀག་དང་འཁོར་རྒྱུག་ཟུང་འབྲེལ”བྱེད་ཐབས་སྤྱད་དེ་དུས་ངེས་མེད་དུ་ལྕགས་སྒང་གྲོང་ཚོའི་ལས་ཡུལ་དང་ཚོང་ཁང་སོགས་གཙོ་གནད་ཁུལ་དུ་བདེ་འཇགས་ཐོན་སྐྱེད་ཀྱི་གྲལ་བཤེར་བྱས་ནས་ཕྱོགས་མི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་། དུས་ངེས་མེད་དུ་ཕྱོགས་མང་སྒྲིག་འཛུགས་བྱས་ནས་བཞུགས་མོལ་ཚོགས་འདུ་དང་སྙིང་གཏམ་ཤོད་རེས་ཀྱི་ཚོགས་འདུ་འཚོགས་ཏེ། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དོ་དམ་ཚོད་འཛིན་གྱི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པས་དུས་ཐོག་ཏུ་བདེ་འཇགས་ཀྱི་མི་འདང་ས་ཤེས་རྟོགས་ཐུབ་ཡོད་པ་རེད།
“གླ་ཆ་ཉིན་གཅིག་མ་སྤྲད་ན། ལས་ཡུལ་དུ་ལས་ཀ་བྱེད་ཀྱི་མིན”ལྕགས་སྒང་གྲོང་ཚོའི་གྲོང་མི་ཨུ་ཡོན་ལྷན་ཁང་གི་ལས་ཡུལ་དུ་ཀ་པ་དང་ཁ་པས་རང་འདོད་མཁྲེགས་བཟུང་བྱས་ཤིང་། མི་དམངས་ཉེན་རྟོག་པས་ཤེས་རྟོགས་བྱས་པར་གཞིགས་ན། རྣམ་གྲངས་དེ་ནང་བཤུག་འགན་གཙང་ཐེངས་མང་བཏང་བ་མ་ཟད། ད་ཆ་ལས་གྲྭའི་མ་དངུལ་སྒོར་ཁྲི་30ལྷག་ཙམ་འགྱངས་ཆད་བྱས་པས་ལས་མཚམས་འཇོག་ཉེན་ཡོད་པ་རེད། “གལ་ཏེ་ཁྱེད་ཚོས་གྲོས་བསྡུར་བྱས་ནས་ཐག་གཅོད་མ་ཐུབ་ཚེ་ཁྲིམས་འཛིན་གྱི་གོ་རིམ་བརྒྱུད་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་མོད། འོན་ཀྱང་ངེས་པར་དུ་ལས་ཡུལ་གྱི་རྒྱུན་གཏན་ཨར་ལས་ཀྱི་འཕེལ་རིམ་འགན་ལེན་བྱེད་དགོས”ཞེས་མི་དམངས་ཉེན་རྟོག་པས་འདུམ་འགྲིག་བྱས་པར་བརྟེན་ལས་ཡུལ་གྱི་ལས་འགོ་བསྐྱར་དུ་ཚུགས་ཐུབ་པ་རེད།
“ཐོག་མར་ཁོང་ཚོས་ང་ཚོ་འཇོན་ཐང་མེད་པ་ཤ་སྟག་རེད་སྙམ་ལ། ང་ཚོས་བཅར་འདྲི་དང་གྲལ་བཤེར་ལ་སྐྱོད་སྐབས་ཁོང་ཚོའི་འགན་འཁུར་བས་ཁྲལ་སེལ་གྱི་སྐད་ཆ་ཁ་ཤས་བཤད་བྱུང་། འོན་ཀྱང་ད་ཆ་ལས་ཡུལ་དུ་གྲལ་བཤེར་བྱེད་པར་སྐྱོད་སྐབས་ཁོང་ཚོའི་འགན་འཁུར་བས་ང་ཚོར་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱེད་ཀྱི་འདུག་པས་རྣམ་འགྱུར་མངོན་གསལ་དོད་པོས་ལེགས་སུ་ཕྱིན་འདུག”ཅེས་དོན་དེར་འདུམ་འགྲིག་བྱེད་མཁན་ཉེན་རྟོག་པ་བསྟན་འཛིན་ནོར་བུས་མྱོང་ཚོར་ཟབ་མོའི་ངང་བཤད།