དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བོད་ཀྱིས་དྲ་རྒྱའི་དཀྲོག་གཏམ་བཟོ་མཁན་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    དྲ་རྒྱའི་ཁོར་ཡུག་ཡག་ཏུ་གཏོང་ཆེད། སྤྱི་བདེ་པུའུ་དྲ་རྒྱའི་བདེ་འཇགས་ཅུས་ཀྱིས་ཉེ་ཆར་དུས་ཡུན་ཉིན་100ཡི་དུས་ཚོད་སྤྱད་དེ་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

    ཆེད་དོན་བྱ་སྤྱོད་ཀྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། བོད་ཀྱི་དྲ་རྒྱའི་ཉེན་རྟོག་པས་མུ་མཐུད་ལས་ཀར་ཤུགས་སྣོན་བརྒྱབ་ནས། བོད་དུ་ཕྲུ་གུ་རྐུ་མཁན་འདུག་ཟེར་བའི་དྲ་རྒྱའི་དཀྲོག་གཏམ་བཟོ་མཁན་དང་དཀྲོག་གཏམ་བརྒྱུད་སྤེལ་བྱེད་མཁན་རྣམས་ཁྲིམས་ལྟར་ཐག་གཅོད་བྱས་པ་རེད།

    A“སྤུན་མཆེད་ཁྱིམ་གྱི་ཕྲུ་གུ་བརྐུས་འདུག”

    ཉེ་ཆར། བོད་ལྗོངས་དྲ་རྒྱའི་ཉེན་རྟོག་པས་ལས་དོན་སྤེལ་སྐབས་ལྗོངས་ནང་ཁུལ་གྱི་དྲ་གྲོགས་ཤིག་གིས་དྲ་བའི་ཐོག་གོ་ཐོས་ལ་ནག་ཆུར་ཕྲུ་གུ་རྐུ་ཚོང་བྱེད་མཁན་ཡོད་པ་འདྲ། ཟླ་5ཚེས་8ཉིན་སྤུན་མཆེད་ཁྱིམ་གྱི་ཕྲུ་གུའི་གཟུགས་པོར་མི་ཞིག་གིས་གང་ཡིན་མི་ཤེས་པའི་དངོས་པོ་གཏོར་ནས་གཟུགས་པོར་ནག་ཐིག་དོན་འདུག སྟབས་ལེགས་པ་ཞིག་ལ་ལམ་དུ་འགྲོ་མཁན་གྱིས་གནས་ཚུལ་དེ་ཤེས་ནས་ཕྲུ་གུ་ནང་མིར་རྩིས་སྤྲད་འདུག ཁྱིམ་བདག་ཚོས་ཕྲུ་གུ་སློབ་གྲྭ་གྲོལ་སྐབས་ངེས་པར་དུ་བདག་པོ་ཡག་པོ་རྒྱག་དགོས་ཞེས་སྤེལ་བ་ཤེས་རྟོགས་བྱུང་ཡོད།

    གནས་ཚུལ་དེར་དྲ་གྲོགས་ཁྲོད་སྦིར་གྲགས་ཆེན་པོ་བྱུང་ནས་བརྒྱུད་བསྐུར་དང་དཔྱད་གླེང་བྱས་ཡོད།

    ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས་ཉེན་རྟོག་པ་གཞན་དག་དང་མཉམ་ལས་བྱས་ཏེ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་བརྒྱུད། གསེར་རྙེད་ཆུས་སྤྱི་བདེ་ཅུས་ལ་ཉེ་ཆར་ཕྲུ་གུ་རྐུ་ཚོང་དང་འབྲེལ་བའི་གནས་ཚུལ་འབྱོར་མེད་པས་དྲ་ཐོག་གི་གནས་ཚུལ་དེ་དཀྲོག་གཏམ་ཡིན་པ་རེད།

    དཀྲོག་གཏམ་བརྒྱུད་སྤེལ་བྱེད་མཁན་པད་ཆེ་གེ་མོས་སྤུན་མཆེད་ཁྱིམ་གྱི་ཕྲུ་གུ་རྐུ་ཚོང་བྱས་འདུག་ཟེར་བ་ནི་ཁོ་པར་མི་གཞན་གྱིས་བཤད་བྱུང་ཞེས་ངོས་ལེན་ཞུས། མུ་མཐུད་ཞིབ་བཤེར་བྱས་པ་བརྒྱུད། དེ་ནི་ཕྲུ་གུས་རང་གི་ཨ་མར་ཞེད་སྣང་སྐུལ་ཆེད་རང་ཉིད་གཞན་གྱིས་མགོ་སྐོར་ནས་ཁྲིད་གྲབས་བྱས་བྱུང་ཟེར་བ་ཙམ་ལས་དོན་དངོས་ཐོག་གནས་ཚུལ་དེ་རྩ་བ་ནས་བྱུང་མེད་པ་རེད།

    པད་ཆེ་གེ་མོས་རི་བོང་ཅལ་འདྲོགས་ཀྱི་དཔེ་ལྟར་གནས་ཚུལ་དེ་དྲ་ཐོག་ལ་སྤེལ་བ་ཙམ་ལས་རྐང་བཙུགས་ནས་དཀྲོག་གཏམ་བཟོས་པ་ཞིག་མིན་པར་བརྟེན། ནག་ཆུ་སྤྱི་བདེ་དྲ་རྒྱའི་བདེ་འཇགས་མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ཁོ་པར་སྐྱོན་བརྗོད་སློབ་གསོ་བཏང་བ་དང་དྲ་ཐོག་ལ་དག་སེལ་བྱེད་དགོས་པའི་བཀའ་བཏང་བ་རེད།

    B“སྒེར་རྩེ་རྫོང་དུ་ཕྲུ་གུ་བར་ཚོང་རྒྱག་མཁན་ཞིག་འདུག”

    ཉེ་ཆར་བོད་ལྗོངས་དྲ་རྒྱའི་ཉེན་རྟོག་པས་ལས་དོན་སྤེལ་སྐབས་ལྗོངས་ནང་ཁུལ་གྱི་དྲ་གྲོགས་ཤིག་གིས་བརྙན་ཐུང་ཞིག་བསྐུར་བའི་ནང་སྒེར་རྩེ་རྫོང་དུ་ཕྲུ་གུ་བར་ཚོང་རྒྱག་མཁན་ཞིག་འདུག་པས་ཚང་མས་གཟབ་གཟབ་གྱིས་ཞེས་བརྗོད་པ་ཤེས་རྟོགས་བྱུང་ཡོད།

    བརྙན་ཐུང་དེ་དྲ་ཐོག་ཏུ་བསྐུར་རྗེས་དྲ་དམངས་ཀྱིས་དོ་སྣང་དང་བརྒྱུད་བསྐུར་བྱས་ཤིང་། མང་ཚོགས་ཁག་གཅིག་སེམས་ཁྲལ་ཆེན་པོ་བྱུང་ཡོད།

    མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས་ཕྱོགས་གང་སར་ཞིབ་བཤེར་བྱས་པ་བརྒྱུད། སྒེར་རྩེ་རྫོང་སྤྱི་བདེ་ཅུས་ལ་ཉེ་ཆར་ཕྲུ་གུ་བསླུ་ཚོང་དང་འབྲེལ་བའི་གནས་ཚུལ་སྙན་སེང་འབྱོར་མེད་པས་དྲ་ཐོག་གི་བརྙན་ཐུང་དེ་དཀྲོག་གཏམ་ཡིན་པ་རེད།

    བརྙན་ཐུང་བསྐུར་མཁན་ཉི་ཆེ་གེ་མོས་ཁྱིམ་གྱི་གློག་མིག་ནས་ཆ་མེད་རྒྱུས་མེད་ཀྱི་སྐྱེས་པ་དོགས་ཅན་ཞིག་མཐོང་རྗེས་བརྙན་ཐུང་དེ་ནང་མིར་བསྐུར་བས་ཁོ་ཚོས་རྐུན་མ་རེད་སྙམ་པ་རེད་ཅེས་བརྗོད།

    ནང་མིས་བརྙན་ཐུང་དེ་ཚོགས་པའི་ནང་བསྐུར་བ་མ་ཟད་སྒེར་རྩེ་རྫོང་དུ་ཕྲུ་གུ་བར་ཚོང་རྒྱག་མཁན་འདུག་ཟེར་བའི་དཀྲོག་གཏམ་ཡང་བཟོས་ཤིང་། བརྒྱུད་སྤེལ་བྱས་པ་དེས་སྤྱི་ཚོགས་ལ་བག་ཆགས་ངན་པ་བཟོས་ཡོད།

    མངའ་རིས་སྤྱི་བདེ་དྲ་རྒྱའི་བདེ་འཇགས་ཀྱི་མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ཁོ་པར་སྐྱོན་བརྗོད་སློབ་གསོ་བཏང་བ་དང་སྦྲགས་ཚོགས་པའི་ནང་དག་སེལ་བྱེད་དགོས་པའི་བཀའ་ཡང་བཏང་བ་རེད།

    C“ནང་ས་ནས་བོད་དུ་ཕྲུ་གུ་རྐུ་མཁན་སླེབས་འདུག”

    ཉེ་ཆར་བོད་ལྗོངས་དྲ་རྒྱའི་ཉེན་རྟོག་པས་ལས་དོན་སྤེལ་སྐབས་ལྗོངས་ནང་ཁུལ་གྱི་དྲ་གྲོགས་ཤིག་གིས་ཕྲུ་གུ་བརྐུས་འདུག་ཟེར་བའི་བརྙན་ཐུང་གཉིས་བསྐུར་ཡོད་པ་ཤེས་རྟོགས་བྱུང་ཡོད།

    དེའི་ཁྲོད་ཀྱི་བརྙན་ཐུང་ཞིག་ནང་ཁྱིམ་བདག་གཅིག་གིས་དཀར་མཛེས་ཁུལ་གྱི་སྨན་ཁང་ཞིག་གི་ཉེ་འགྲམ་དུ་ཕྲུ་གུ་གཅིག་པུ་རླངས་འཁོར་ནང་འཇོག་སྐབས་རྐུ་ཤོར་གྲབས་བྱས་འདུག་པས། དགེ་རྒན་དང་ཁྱིམ་བདག་ཚང་མས་ཕྲུ་གུ་རྐུ་ཚོང་བྱེད་མཁན་ལ་དོགས་ཟོན་གྱིས་ཞེས་བརྗོད་ཡོད།

    བརྙན་ཐུང་གཞན་དེའི་ནང་ཚང་མས་སོ་སོའི་ཕྲུ་གུར་བདག་པོ་ཡག་པོ་རྒྱོབ། ཕྲུ་གུ་དང་དངོས་པོ་རྩ་ཆེན་རྐུ་མཁན་མི་100ལྷག་ཙམ་ནང་ས་ནས་བོད་དུ་སླེབས་ནས་ད་ལྟ་དཀར་མཛེས་དང་སྡེ་དགེར་སླེབས་ཚར་འདུག ངས་ཚོགས་པའི་ནང་བསྐུར་དོན་ནི་ཚང་མས་དོགས་ཟོན་བྱེད་པའི་ཆེད་དུ་ཡིན་ཞེས་བརྗོད་ཡོད།

    ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་ཉིང་ལག་རུ་ཁག་གིས་ཞིབ་བཤེར་བྱས་པ་བརྒྱུད། དཀྲོག་གཏམ་དེ་ནི་དེ་སྔོན་གྱི་བརྙན་ཐུང་རྙིང་པ་རྫུན་བཟོ་བྱས་པ་ཞིག་ཡིན་པ་རེད།

    བརྙན་ཐུང་བསྐུར་མཁན་བློ་ཆེ་གེ་མོ་དང་། ཚེ་ཆེ་གེ་མོ། ངག་ཆེ་གེ་མོ། ངག་ཆེ་གེ་མོ་བཅས་བཞི་པོས་ང་ཚོས་ཕྲུ་གུ་མི་བརླག་པའི་ཆེད་དུ་བརྙན་ཐུང་དེ་བསྐུར་བ་ཡིན་ཞེས་བརྗོད་པ་རེད།

    ཆབ་མདོ་སྤྱི་བདེའི་དྲ་རྒྱའི་བདེ་འཇགས་ཉེན་རྟོག་པས་ཁྲིམས་ལྟར་ཁོ་ཚོར་སྐྱོན་བརྗོད་སློབ་གསོ་བཏང་བ་དང་སྦྲགས་དྲ་ཐོག་ཏུ་དག་སེལ་བྱེད་དགོས་པའི་བཀའ་ཡང་བཏང་བ་རེད།

    Dཉེན་རྟོག་པའི་དྲན་སྐུལ།

    དྲ་རྒྱ་ནི་ཁྲིམས་མེད་ལུགས་མེད་བྱེད་ས་ཞིག་མིན་པས་དཀྲོག་གཏམ་བཟོ་བ་དང་། བརྒྱུད་སྤེལ་བྱེད་པ། སྤྱི་པའི་སྒྲིག་ལམ་ལ་གནོད་པའི་ཁྲིམས་འགལ་བྱེད་སྤྱོད་སྤེལ་ཚེ་སྤྱི་བདེ་ཚན་པས་ཁྲིམས་ལྟར་ཐག་གཅོད་བྱེད་ཀྱི་ཡོད།

    དྲ་དམངས་ཡོངས་ཀྱིས་ཁྲིམས་ལྟར་ཚུལ་བཞིན་དྲ་རྒྱ་སྤྱད་དེ། དཀྲོག་གཏམ་མི་བཟོ་བ། དཀྲོག་གཏམ་མི་བསྐུར་བ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་བཅས་བྱས་ནས་མཉམ་དུ་དྲ་རྒྱའི་ཁོར་ཡུག་གཙང་མ་ཞིག་སྐྲུན་དགོས་པ་རང་ལྗོངས་ཀྱི་དྲ་རྒྱའི་ཉེན་རྟོག་པས་དྲན་སྐུལ་ཞུས་འདུག

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།