རི་མཐོ་འཁྱགས་རོམ་སྔས་སུ་བྱས། སྐོར་གཡེང་ལས་ལ་འབད་པས་གཞོལ།
—— སྤུ་ཧྲེང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཞེར་བ་ལས་སྒྲུབ་ས་ཚིགས་ཀྱི་སྐོར་བཀོད་པ།
འདི་ནི་ཁྲེན་ཤིང་ཡུས(གཡོན་གྱི་དང་པོ)དང་འཐབ་གྲོགས་ཚོས་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྐོར་གཡེང་བྱེད་བཞིན་པ།
འདི་ནི་ཞེར་བ་ལས་སྒྲུབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཀྲུང་ནེའི་ས་མཚམས་འབྱེད་རྟགས་ཨང་10པའི་མདུན་དུ་སྐོར་གཡེང་བྱེད་བཞིན་པ།
ཞེར་བ་ལས་སྒྲུབ་ས་ཚིགས།
རང་རྒྱལ་དང་། རྒྱ་གར། ནེ་པ་ལ་བཅས་རྒྱལ་ཁབ་གསུམ་གྱི་ས་འབྲེལ་མཚམས་སུ་གནས་པའི་སྤུ་ཧྲེང་རྫོང་ནི་རང་རྒྱལ་གྱི་མཐའ་མཚམས་ཀྱི་རྒྱལ་ཁབ་གསུམ་གྱི་ས་འབྲེལ་མཚམས་སུ་གནས་པའི་རྫོང་ཆེས་ཉུང་ཤས་ཀྱི་གྲས་ཤིག་རེད། སྤུ་ཧྲེང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཞེར་བ་ལས་སྒྲུབ་ས་ཚིགས་ནི་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་ཞེར་བ་ཚོགས་ཆུང་ནས་སྤྱི་ལེ་གཅིག་གིས་ཆོད་པའི་རི་སྐེད་དུ་གནས་པ་དང་། འདི་གར་ཆ་སྙོམས་ས་བབ་སྨི་4000ཡོད་ཅིང་རྒྱལ་མཚམས་འཛུལ་སྒྲོལ་གྱི་འགག་སྒོ་དང་བར་ཐག་སྤྱི་ལེ་1ལས་མེད་པའི་ཁར། ནེ་པ་ལའི་ཡུས་ས་གྲོང་ཚོའི་འཁྲིས་སུ་ཡོད་པས། འགག་སྒོའི་འཐབ་ས་དང་པོར་ལྐོག་འདྲེན་དང་། བྲོས་བྱོལ། ཁྲིམས་འགལ་ངང་རྒྱལ་མཚམས་སྒྲོལ་བ་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་དང་། འགོག་ཟོན། ལྟ་འདོམས་བཅས་ཀྱི་ལས་འགན་འཁུར་བཞིན་ཡོད།
ཨར་འདམ་ཁང་པ་ཁང་མིག་ལྔ་དང་། སོ་སྲུང་ཁང་ཆུང་གཅིག ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་གཅིག་བཅས་ནི་ལས་སྒྲུབ་ས་ཚིགས་དེའི་སྒྲིག་ཆས་ཡོངས་རྫོགས་རེད། ཆ་རྐྱེན་ཞན་པ་དང་། འཚོ་བ་དཀའ་ཚེགས་ཆེ་བ། འགྲོ་སྐྱོད་སྟབས་བདེ་མེད་པ་བཅས་ཀྱིས་རྐྱེན་པས། ལས་སྒྲུབ་ས་ཚིགས་དེར་མི་སེར་གྱིས་རྒྱུན་དུ“ཁེར་ཆགས་གླིང་ཕྲན”དང“ལོགས་འཇོག་ཁུལ”ཞེས་འབོད།
འགྲིམ་འགྲུལ་སྟབས་བདེ་མེད་སྟབས། ཞེར་བ་ལས་སྒྲུབ་ས་ཚིགས་སུ་སྔོ་ཚལ་དང་ཤིང་འབྲས་སོས་པ་ཧ་ཅང་དཀོན། ཉིན་རེའི་ལྟོ་དུས་སུ་སླེབས་སྐབས་སྒྲོག་ཙེའི་ཐོག་སྒྲིག་ཐེངས་མང་ཤོས་ཀྱི་ཁ་ལག་ནི་ཞོག་ཁོག་དང་། ལ་ཕུག པད་ཚལ་བཅས་རེད། ཉི་མ་རྒོད་སྐྱེས་ཀྱིས་ཞོག་ཁོག་འཁྲུད་བཞིན་ཁྲེན་ཤིང་ཡུས་ལ“ད་ལྟའི་དུས་ཚོད་ལ་ཡུན་ནན་དུ་གང་སར་མེ་ཏོག་བཞད་ནས་དཔྱིད་དཔལ་རབ་ཏུ་རྒྱས་པའི་དུས་ཚིགས་རེད་དམ”ཞེས་དྲིས། དེ་ནས་ཡང་ཁྲེན་ཤིང་ཡུས་ལ“ཡུན་ནན་ནི་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡིན་ན་ཡང་། ཁྱེད་རང་མངའ་རིས་ལ་ལས་སྒྱུར་གྱི་རེ་ཞུ་ཕུལ་དོན་གང་ཡིན”ཞེས་དྲིས་པར།
ཁྲེན་ཤིང་ཡུས་ཀྱིས“ངའི་པཱ་ལགས་1980ལོར་དམག་དཔུང་ལ་ཞུགས་པ་དང་དེ་རྗེས་བོད་དུ་ལས་བགོས་བརྒྱབ་པ་རེད། ང་ལ་ཆུང་དུས་ནས་པཱ་ལགས་ཀྱི་ཤུགས་རྐྱེན་ཐེབས་པ་དང་པཱ་ལགས་ཀྱི་ཞབས་རྗེས་འཚོལ་ཆེད། 2006ལོར་དམག་དཔུང་ལ་ཞུགས་པ་མ་ཟད། སྔོན་ཆད་པཱ་ལགས་ཀྱིས་བརྟན་སྲུང་བྱེད་མྱོང་བའི་ས་ཆར་གཏོང་རྒྱུའི་རེ་ཞུ་ཐེངས་མང་ཕུལ་བ་ཡིན”ཞེས་བཤད།
ས་གནས་དེ་གའི་མི་རྣམས་ཀྱིས། དེ་གར“ལོ་གཅིག་དུས་བཞི་ཞག་མ365ལ་ལྷགས་པ་མཚམས་ཆད་རྒྱུ་མེད་ལ། ལོ་གཅིག་ནས་ནམ་དུས་ཕལ་ཆེ་བ་དགུན་ཁ་རེད” “གསོ་རླུང་དཀོན་ཞིང་ལྷགས་པ་ཆེ་བ་མ་ཟད། གྲང་ངར་ཡང་ཆེ་བས་དུས་བཞིར་སྲིང་བལ་གྱི་གོས་གྱོན་དགོས་ཀྱི་ཡོད”ཅེས་བརྗོད། འདི་གའི་མི་རྣམས་ཀྱི་ངོ་གདོང་ལས་ལོ་ཚད་དང་མི་མཐུན་པའི་རྒས་ཉམས་ཤིག་མངོན་གྱི་ཡོད་མོད། འོན་ཀྱང་ཆེས་དྭངས་གཙང་དང་ཆེས་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཞིག་ཀྱང་ངང་ངམ་ཤུགས་སུ་མངོན་གྱི་ཡོད།
ཤུ་སྒྲ་ཞིག་གྲགས་པ་དང་བསྟུན་ནས་སྐོར་གཡེང་རུ་ཁག་སྒོ་རའི་ནང་འཛོམས་ཤིང་། ཀྲེང་ཡུང་གིས་ཉིན་གཅིག་གི་སྐོར་གཡེང་ལས་འགན་བཀོད་སྒྲིག་བྱས་པ་རེད། སྐོར་གཡེང་རུ་ཁག་རིམ་བཞིན་ཐག་ཇི་རིང་ནས་ཇེ་རིང་དུ་སོང་བ་མཐོང་སྐབས་ཁྲེན་ཤིན་ཡུས་ཁང་པའི་ནང་ལོག་ནས་ངལ་གསོ་ཏོག་ཙམ་བརྒྱབ།
བོད་ལྗོངས་ཀྱི་ནུབ་རྒྱུད། མཁའ་དབྱིངས་ཀྱི་མངའ་རིས། དེ་གར་ལོ་ལྟར་གྲང་ངར་ཆེ་བའི་རླུང་བུ་ལྡང་བ་དང་། མཛེས་སྡུག་ལྡན་པའི་རྨ་བྱ་ཁ་འབབ་ཤང་ཤང་དུ་རྒྱུག་པ་མ་ཟད། ལོ་མང་རིང་རི་མཐོ་གངས་འཁྱགས་སྔས་སུ་བྱས་པའི་གནས་སྤོས་ཡུལ་མིའི་དོ་དམ་རུ་ཁག་ཀྱང་ཡོད། ཁོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས“ཕ་ཡུལ་གཉིས་པའི”འཕོ་འགྱུར་ལ་བདེན་དཔང་དང་། བརྟན་སྲུང་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་བདེན་དཔང་བྱེད་ཅིང་། “རྒྱལ་སྲུང་མཐའ་སྲུང”སེམས་སུ་འཆང་བཞིན“བདེ་སྡོད་ལས་བརྩོན”གྱི་བྱ་གཞག་དོན་གཉེར་བྱེད་བཞིན་ཡོད།