དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྒོག་པ་ལྐོག་ཏུ་བཟས་ཀྱང་། སྒོག་དྲི་ངོ་ལ་ཁ་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་དང་། ཧྥུང་ཆེ་གེ་མོ། ལི་ཆེ་གེ་མོ་བཅས་སྤྱི་བདེ་མི་སྣའི་ལག་ཏུ་ཐེབས་པ།

    ལས་བགོས་ཁ་གསལ་ཡོད་པའི“བསྡིགས་འཕྲོག”ཚོགས་པས་ཆང་རག་བཏུངས་ནས་རླངས་འཁོར་གཏོང་མཁན་གྱི་ཁ་ལོ་བར་ཆེད་མངགས་བསྡིཌ་ཀྱི་ཡོད། མི་དེ་ཚོས་ཆང་རག་བཏུངས་པའི་ཁ་ལོ་བས་འཁོར་འཛོལ་སྙན་སེང་ཞུ་མི་ནུས་པའི་སེམས་ཁམས་ལག་ཆར་བརྩིས་ནས་རྒྱུ་ནོར་ཧམ་འཕྲོག་བྱེད། རྒྱུན་མཐོང་གི་འཁོར་འཛོལ“མཇུག་རྡུང”གི་རྒྱབ་ཏུ“བསྡིགས་འཕྲོག”ཚོགས་པས་ཇུས་འགོད་ཞིབ་ཚགས་ནས་ལྐོག་གཡོ་ཞིག་བཤམས་ཡོད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ནག་སེལ་གཞུང་ལས་ཁང་གིས“བསྡིགས་འཕྲོག”གི་ཉེས་གསོག་ཚོགས་པ་ཞིག་རྩ་མེད་བཟོས་ནས་ཉེས་གསོག་དོགས་ཅན་3བཟུང་བ་རེད།

    ཟླ་5ཚེས་11ཉིན་གྱི་ཆུ་ཚོད་4པ་ཙམ་ལ། སྣེ་གདོང་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ། བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར་ནས་སྐལ་བཟང་ལམ་གྱི་གཙང་ཡོན་ཧུའེ་ཧའོ་སྒོ་རྩིས་ཚོང་ཁང་ཉེ་འགྲམ་གྱི་ལམ་མདོའི་འཁོར་འཛོལ་ཐག་གཅོད་བྱེད་དགོས་ཞེས་བཤད། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་འཕྲལ་དུ་ས་ཡུལ་དངོས་སུ་བསྐྱོད་པ་རེད། ས་ཡུལ་དངོས་སུ་འབྱོར་དུས། དེ་གར་འཁོར་འཛོལ་སྙན་སེང་ཞུ་མཁན་ཧྥུང་ཆེ་གེ་མོ་དང་ཁོ་པའི་གློག་སྒུལ་སྦག་སྦག་ལས་འགྲིམ་འགྲུལ་ལས་འཛོལ་ཐོན་པའི་རླངས་འཁོར་མེད་པ་རེད།

    མི་དམངས་ཉེན་རྟོག་པས་བརྟག་དཔྱད་བྱས་པ་བརྒྱུད། འཁོར་འཛོལ་དེར་དོགས་གཞི་མང་པོ་ཡོད་པ་ཤེས་རྟོགས་བྱུང་ཞིང་། ཧྥུང་ཆེ་གེ་མོས་གློག་སྒུལ་སྦག་སྦག་ལ་བརྟེན་ནས་རྐང་བཙུགས་ནས་འགྲིམ་འགྲུལ་ལས་འཛོལ་བཟོས་པའི་དོགས་གཞི་ཡོད་པ་རེད། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འཁོར་འཛོལ་འདི་ནི་ལྐོག་གཡོ་བཤམས་པའི“བསྡིགས་འཕྲོག”གི་གྱོད་གཞི་ཞིག་ཡིན་པར་ཞིབ་འཇུག་བརྡར་ཤ་བཅད་པ་དང་འབྲེལ། གྱོད་གཞིའི་ཁུངས་སྣེ་སྣེ་གདོང་ཆུས་སྤྱི་བདེ་ཅུས་ནག་སེལ་གཞུང་ལས་ཁང་ལ་རྩིས་སྤྲད་པ་རེད།

    དུས་འགོའི་མྱུལ་ཞིབ་ལས་དོན་ཞིབ་ཚགས་སྤེལ་བ་བརྒྱུད། ནག་སེལ་གཞུང་ལས་ཁང་གི་ཉེན་རྟོག་པས་ཝང་ཆེ་གེ་མོ་སོགས་མི་གསུམ་ལས་གྲུབ་པའི“བསྡིགས་འཕྲོག”ཚོགས་པ་མགྱོགས་མྱུར་གཏན་འཁེལ་བྱས་པ་དང་འབྲེལ། ཚོགས་པའི་ཁོངས་མིའི་གནས་ཚུལ་དང་གབ་ས་རྩད་གཅོད་མཐའ་གསལ་བྱས་པ་རེད། ཟླ་5ཚེས་11ཉིན་གྱི་ཆུ་ཚོད་19ཙམ་ལ་མི་དམངས་ཉེན་རྟོག་པས་སྔ་རྗེས་སུ་མི་རིགས་ལམ་དང་ཧུའུ་ནན་ལམ་ནས་ཝང་ཆེ་གེ་མོ་དང་། ཧྥུང་ཆེ་གེ་མོ། ལི་ཆེ་གེ་མོ་བཅས་ཉེས་གསོག་དོགས་ཅན་3བཟུང་བ་དང་། གྱོད་འབྲེལ་རླངས་འཁོར་1རྩད་ཆོད་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། འདི་ལོའི་ཟླ་4པ་ཚུན་དུ། ཝང་ཆེ་གེ་མོ་དང་། ཧྥུང་ཆེ་གེ་མོ། ལི་ཆེ་གེ་མོ་བཅས་ཀྱིས་ཚོགས་པ་བསྒྲིགས་ཏེ། རྩེད་ཐང་གྲོང་ཁུལ་གྱི་རོལ་རྩེད་ཁང་ཁག་གི་ཉེ་འཁོར་ནས་ཆང་རག་བཏུངས་ནས་རླངས་འཁོར་གཏོང་མཁན་རྙེད་མ་ཐག གློག་སྒུལ་སྦག་སྦག་བཏང་ནས་རླངས་འཁོར་གྱི་རྒྱབ་ལ་རྐང་བཙུགས་ནས་བརྡུངས་རྗེས། རྒྱུ་དངུལ་ཧམ་འཕྲོག་བྱས་ཏེ་ནང་ཁུལ་དུ་ཐག་གཅོད་བྱེད་ཀྱི་ཡོད་པ་རེད། ཉེས་གསོག་གི་བརྒྱུད་རིམ་ནང་མི་གསུམ་པོར་ལས་བགོས་ཁ་གསལ་ཡོད་ཅིང་། མི་གཅིག་གིས་ཆང་རག་བཏུངས་ནས་རླངས་འཁོར་གཏོང་མཁན་འཚོལ་བ་དང་། མི་གཞན་པ་དེ་གཉིས་ཀྱིས་གནོད་འཚེ་ཕོག་མཁན་ས་ནས་བསྡིགས་འཕྲོག་གི་འགན་འཁུར་གྱི་ཡོད། ད་བར་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་4ལྷག་ཙམ་ཟིན་ཡོད་པ་རེད།

    འདྲི་རྩད་བྱས་པ་བརྒྱུད། ཝང་ཆེ་གེ་མོ་དང་། ཧྥུང་ཆེ་གེ་མོ། ལི་ཆེ་གེ་མོ་བཅས་ཀྱིས་གོང་གསལ་གྱི་ནག་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། མིག་སྔར་ཝང་ཆེ་གེ་མོ་དང་། ཧྥུང་ཆེ་གེ་མོ། ལི་ཆེ་གེ་མོ་བཅས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་དེར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།