ལྐུགས་པས་སྤྱང་མདོག་བྱས་ཀྱང་། མངོན་གསལ་གཞན་ལས་དོད་པ།
ཉེ་ཆར་གསེར་རྙེད་ཆུས་སྤྱི་བདེ་ཅུས་གྲོང་ཤར་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ལས་རེས་ཉེན་རྟོག་པས་འཆར་ཅན་ཞིབ་བཤེར་བྱེད་སྐབས། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་ཁ་ལོ་བ་ཚེ་ཆེ་གེ་མོར་ཁ་ལོ་བའི་ལག་ཁྱེར་ཡོད་པའི་ཆ་འཕྲིན་མེད་ཀྱང་། ཞིབ་བཤེར་བྱེད་སྐབས་ཁོ་པས་རང་འགུལ་ངང་ཁ་ལོ་བའི་ལག་ཁྱེར་ཞིག་བཏོན་ནས་མི་དམངས་ཉེན་རྟོག་པར་སྤྲད་པ་རེད།
བརྟག་དཔྱད་ཞིབ་བཤེར་གཏིང་ཟབ་བྱས་པ་བརྒྱུད། ཚེ་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་ལེན་པའི་ཡིག་ཚད་བཏང་མེད་ཅིང་། ཁོ་པས་རླངས་འཁོར་བཏང་ཤེས་ན་གནས་ཚུལ་ལྷག་གི་མ་རེད་སྙམ་ནས་ལག་ཁྱེར་རྫུན་མ་བཟོས་ཏེ་ལམ་དུ་བསྐྱོད་པས་ཉེན་རྟོག་པས་བཟུང་བ་རེད།
འདྲི་རྩད་བྱས་པ་བརྒྱུད། ཚེ་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་རྫུན་མ་བཟོས་པའི་ཁྲིམས་འགལ་བྱེད་སྤྱོད་ངོས་ལེན་ཞུས་པ་རེད། མིག་སྔར་གྱོད་གཞི་དེ་གསེར་རྙེད་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ་རྩིས་སྤྲད་ནས་མུ་མཐུད་བརྟག་དཔྱད་ཞིབ་ཚགས་བྱེད་བཞིན་ཡོད་པ་རེད།
ནག་ཆུའི་སྤྱི་བདེས་དྲན་སྐུལ་བྱས་དོན། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་དང་ལག་ཁྱེར་རྫུན་མ་བཟོ་བ་དང་ལག་ཁྱེར་ལ་བཟོ་བཅོས་རྒྱག་པ་ནི་དོན་ཆུང་ཞིག་གཏན་ནས་མིན་པར་འགྲིམ་འགྲུལ་བདེ་འཇགས་དང་འབྲེལ་བ་ཆེན་པོ་ཡོད། རང་ཉིད་དང་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་ཆེད། འཕྲུལ་སྒུལ་འཁོར་རིགས་གཏོང་སྐབས་སྤྱི་བདེ་ལས་ཁུངས་ཀྱིས་སྤྲད་པའི་ཁ་ལོ་བའི་ལག་ཁྱེར་དང་རླངས་འཁོར་གྱི་ལག་ཁྱེར་སོགས་གོ་ཆོད་ལག་ཁྱེར་ཁྲིམས་ལྟར་ལེན་དགོས་པ་མ་ཟད། ལག་ཁྱེར་རྫུན་མ་བཟོ་བ་དང་ལག་ཁྱེར་ལ་བཟོ་བཅོས་རྒྱག་པ་སོགས་གཏན་ནས་བྱེད་མི་ཆོག གལ་ཏེ་དེ་ལས་འགལ་ཚེ་ཁྲིམས་ཆད་ནན་པོ་ཕོག་སྲིད།