དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཚོང་ཁང་སྒོ་རྒྱག་དགོས་འཁེལ་བས་སློབ་ཆེན་སློབ་མའི་གུང་གསེང་རིང་གི་ཞོར་ལས་གླ་ཆ་འགྱངས་ཆད་ཤོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཉེ་ཆར། མཐོ་སློབ་ཞིག་གི་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་བསྟན་ཆེ་གེ་མོས་འདི་ག་ཚགས་པར་གྱི་གསར་འགྱུར་ཐད་སྦྲེལ་ཁ་པར་0891-697000བརྒྱབ་ནས་གསར་འགོད་པར་བརྗོད་དོན། 2022ལོའི་ཟླ་7པའི་ཟླ་མཇུག་ཏུ། ཁོ་པ་བོད་ལྗོངས་ཝུའེ་ཧྥུང་བཟའ་བཏུང་ཚད་ཡོད་ཀུང་སིས་བཙུགས་པའི་ཞིམ་ཟས་རླངས་འཁོར་ཐོག་ཞོར་ལས་ཞབས་ཞུ་བ་ཟླ་ཕྱེད་ལྷག་ཙམ་བྱེད་རིང་གི་གླ་ཆ་ད་དུང་རག་མ་བྱུང་། ན་ནིང་ལས་ཀར་མ་ཞུགས་གོང་གླ་ཆ་ཟླ་རེར་རྩིས་རྒྱག་པའི་ཁ་ཆད་བྱས་ཡོད་མོད། འོན་ཀྱང་ད་བར་གླ་ཆ་རག་མ་བྱུང་། ཁྱེད་ཚོས་ང་ལ་རོགས་པ་གནང་རོགས”གནད་དོན་དེ་ཤེས་རྟོགས་ཞིབ་ཕྲ་དང་ཐག་གཅོད་ཡག་པོ་ཡོང་ཆེད། འདི་ག་ཚགས་པར་གྱི་གསར་འགོད་པས་འབྲེལ་ཡོད་ཀུང་སིར་བཅར་འདྲི་བྱས་པ་ཡིན།

    བསྟན་ཆེ་གེ་མོས་ངོ་སྤྲོད་བྱས་པར་གཞིགས་ན། ཁོ་པ་ནི་སློབ་ཆེན་སློབ་མ་ཞིག་ཡིན་པ་དང་། ན་ནིང་ཟླ་བདུན་པའི་གུང་གསེང་རིང་ཁོང་དང་གྲོགས་པོ་མཉམ་དུ་ལྷ་སའི་གྲོང་ཁུལ་དུ་ཞོར་ལས་ཤིག་བཙལ་ནས་གུང་གསེང་རིང་གླ་པ་བྱས་ནས་ཡོང་འབབ་གསོག་རྩིས་བྱས། “སྐབས་དེ་དུས་ཏག་ཏག་གུང་གསེང་ཡིན་པས་ང་ཚོས་ཞོར་ལས་ཤིག་བཙལ་ཐུབ་ན་ཡོང་འབབ་གསོག་ཐུབ་པ་མ་ཟད། ད་དུང་མཐོང་རྒྱའང་ཆེ་རུ་འགྲོ་བ་དང་ཆབས་ཅིག་རང་ལ་སྦྱོང་བརྡར་ཡང་ཐེབས་ཀྱི་རེད་སྙམ་བྱུང་། ཡིན་ནའང་ཕྱིར་ཞོར་ལས་འཚོལ་ཐེངས་དང་པོར་གླ་ཆ་འགྱངས་ཆད་བྱེད་ཀྱི་རེད་བསམ་པའི་ཡུལ་ལའང་མེད”ཅེས་བཤད།

    སྐབས་དེ་དུས་ཞོར་ལས་ཤིག་འཚོལ་ཆེད། བསྟན་ཆེ་གེ་མོས་དྲ་ཐོག་དང་དྲ་ཕྱིའི་ལས་མི་བསྡུ་བའི་ཆ་འཕྲིན་མང་པོར་བལྟས་མོད། འོན་ཀྱང་ལས་ཀ་འཚམ་པོ་ཞིག་གཏན་ནས་རྙེད་མེད། རྗེས་སུ། བསྟན་ཆེ་གེ་མོས་གྲོང་བྱང་གནམ་ས་གསར་པའི་ཚོང་རའི་ཞིམ་ཟས་རླངས་འཁོར་འགའ་ཡིས་ཞོར་ལས་པ་བསྡུ་བའི་ཆ་འཕྲིན་མཐོང་བ་རེད། སྐད་ཆ་ཞིབ་ཕྲ་དྲིས་རྗེས། ཁོང་གིས་ལས་ཀ་དེའི་ལས་ཡུན་དང་གླ་ཆ་ཚང་མ་བློ་ལ་བབས་པས། ལས་ཀ་དེ་བྱེད་རྒྱུའི་སེམས་ཐག་བཅད། བསྟན་ཆེ་གེ་མོས“ལས་ཀར་མ་ཞུགས་གོང་ང་ཚོ་དང་བསྲེགས་ཟས་ཁང་དེའི་དོ་དམ་ཀུང་སི་སྟེ་བོད་ལྗོངས་ཝུའེ་ཕུང་བཟའ་བཏུང་ཚད་ཡོད་ཀུང་སི་དང་ཞོར་ལས་ཀྱི་གྲོས་མཐུན་ཡི་གེ་བཞག་ནས་ཉིན་ལྟར་ལས་ཀ་ཆུ་ཚོད་8དང་ཉིན་རེར་གླ་ཆ་སྒོར་90སྤྲོད་པའི་གཏན་འཁེལ་བྱས། བསྟན་ཆེ་གེ་མོས་ང་རང་ན་ནིང་ཟླ་7ཚེས་26ནས་ཟླ་8ཚེས་8ཉིན་བར་ལས་ཀ་ཟླ་ཕྱེད་ལྷག་ཙམ་བྱས་པ་ཡིན། འོན་ཀྱང་གླ་ཆ་ད་བར་རྩ་བ་ནས་རག་མ་བྱུང་། ཕྱིས་སུ་ངས་སྦྱིན་བདག་བཙལ་ཡང་འདི་བྱས་འདི་མིན་གྱི་ལན་གང་ཡང་མ་བྱུང་། ད་ཆ་གླ་ཆ་མགྱོགས་ཙམ་རག་ནས་གནས་ཚུལ་དེ་གང་མགྱོགས་མཇུག་སྒྲིལ་བའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

    གནས་ཚུལ་དེ་དག་ཤེས་རྟོགས་བྱུང་རྗེས་གསར་འགོད་པས་བོད་ལྗོངས་ཝུའེ་ཕུང་བཟའ་བཏུང་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བ་ཧོང་ཆེ་གེ་མོར་བཅར་འདྲི་བྱས་པ་ཡིན། ཁོང་གིས་ན་ནིང་ཀུང་སིས་གྲོང་བྱང་གནམ་ས་གསར་པའི་ཚོང་རར་འགན་གཙང་བླངས་པའི་ཞིམ་ཟས་རླངས་འཁོར་འཆར་གཞི་ལྟར་ན་ཟླ་8པའི་ཟླ་འགོར་ལས་གཉེར་བྱེད་རྩིས་ཡོད་མོད། འོན་ཀྱང་འགལ་རྐྱེན་སྣ་ཚོགས་འཕྲད་པའི་དབང་གིས་ལས་གཉེར་བྱེད་ཐུབ་མ་སོང་། “སྐབས་དེ་དུས་ཞིམ་ཟས་རླངས་འཁོར་ལས་གཉེར་བྱེད་འགོ་ཚུགས་མེད་པ་དང་ཀུང་སིར་ཡང་ཡོང་འབབ་གང་ཡང་མེད་པས་ལས་བཟོ་ཁག་གཅིག་ལ་གླ་ཆ་སྤྲོད་ཐུབ་མེད། གནད་དོན་དེ་ང་ཚོས་ཁས་ལེན་གྱི་ཡོད་ལ་ཐབས་ཤེས་བཏང་ནས་ཐག་གཅོད་བྱེད་རྩིས་ཡོད། མིག་སྔར་ང་ཚོའི་ཀུང་སིས་འགན་གཙང་བླངས་པའི་ཞིམ་ཟས་རླངས་འཁོར་ལས་གཉེར་བྱེད་ཀྱི་མེད། ལས་བཟོ་ཁག་གཅིག་ལ་ད་དུང་གླ་ཆ་སྤྲད་མེད་པའི་གནས་དོན་ཐད་ངལ་རྩོལ་འདུམ་གཅོད་དང་ཁྲིམས་ཁང་སོགས་འབྲེལ་ཡོད་སྡེ་ཚན་ཡང་དེའི་ནང་ཞུགས་ཡོད་པས། ང་ཚོས་ཀུང་སིར་ཡོང་འབབ་བྱུང་ན་ངེས་པར་དུ་ཁག་ཐེངས་བགོས་ནས་ཁོ་ཚོའི་གླ་ཆའི་གནད་དོན་རིམ་བཞིན་ཐག་གཅོད་བྱེད་ཀྱི་ཡིན། ཁོང་ཚོས་ཀྱང་ང་ཚོར་དུས་ཚོད་ཏོག་ཙམ་སྤྲོད་པའི་རེ་བ་ཡོད”ཅེས་བཤད་པ་རེད།

    དེ་རྗེས་གསར་འགོད་པས་ཤེས་རྟོགས་བྱུང་བའི་གནས་ཚུལ་བསྟན་ཆེ་གེ་མོར་བརྗོད་པ་དང་བསྟན་ཆེ་གེ་མོས་ཀྱང་ད་དུང་ཉིན་ཤས་སྒུག་འདོད་ཡོད་ལ་ཀུང་སིས་ཀྱང་ཁ་དན་ཚིག་ལ་གནས་པ་བྱས་ནས་གླ་ཆ་གང་མགྱོགས་སྤྲོད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད། འདི་ག་ཚགས་པར་གྱིས་གནད་དོན་དེར་མུ་མཐུད་དོ་སྣང་བྱ་རྒྱུ་ཡིན་པས། ལྷན་རྒྱས་ནས་དོ་ཁུར་ཡོད་པ་ཞུ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།