དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སློབ་ཆེན་སློབ་མ་ཞོར་ལས་ལ་འགྲོ་སྐབས“འོབ་དོང”དུ་མ་ལྷུངས་སྔོན་འགོག་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཁྲིམས་རྩོད་པས་བསྟན་དོན།

    སློབ་ཆེན་སློབ་མ་ཞོར་ལས་ལ་འགྲོ་སྐབས་ངེས་པར་དུ་ཡིག་ཐོག་གྲོས་མཐུན་འཇོག་དགོས།

    ད་ཆ་སློབ་ཆེན་སློབ་མ་སྔར་ལས་མང་བས་སློབ་གསེང་དུས་ཚོད་སྤྱད་ནས་ཞོར་ལས་ལ་འགྲོ་ཡི་ཡོད། འོན་ཀྱང་ལས་ཀ་འཚོལ་བའི་ཉམས་མྱོང་ཞན་པས་ཞོར་ལས་ཀྱི“འོབ་དོང”ནང་ཚུད་སྲིད། དེར་བརྟེན“འོབ་དོང”ནང་མ་ཚུད་པ་བྱས་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཇི་ལྟར་བྱེད་དགོས་མིན་ཐད་གསར་འགོད་པས་བོད་ལྗོངས་ཧྥང་ནུའོ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཁྲིམས་རྩོད་པ་ཝང་ཤན་མའེ་ལ་བཅར་འདྲི་ཞུས་པ་ཡིན།

    ཝང་ཤན་མའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭ་འགྲིམ་མུས་ཀྱི་སློབ་ཆེན་སློབ་མ་ངལ་རྩོལ་པ་ངོ་མ་མིན་པ་དང་ཕྱིར་ཞོར་ལས་ལ་འགྲོ་སྐབས་མི་སྤྱོད་ཚན་པ་དང་ངལ་ལས་འབྲེལ་བ་ཡིན་པས། ཞོར་ལས་ལ་འགྲོ་མཁན་གྱིས་ལེགས་སྒྲུབ་བྱས་པའི་ལས་འབོར་དང་ལས་ཀའི་གྲུབ་འབྲས་ལ་གཞིགས་ནས་ངལ་ལས་ཐོབ་ཆ་ངེས་ཅན་ཞིག་ལེན་ཆོག “སློབ་གྲྭ་འགྲིམ་མུས་ཀྱི་སློབ་ཆེན་སློབ་མས་ཞོར་ལས་ལ་འགྲོ་སྐབས་མི་སྤྱོད་ཚན་པ་དང་ཉིན་གང་ལམ་ལུགས་མིན་པའི་ལས་མི་བཀོལ་སྤྱོད་ཀྱི་འབྲེལ་བའམ་ཡང་ན་ངལ་ལས་གན་རྒྱའི་འབྲེལ་བ་ཡིན་པས་སྤྱིར་ན་ཆུ་ཚོད་ལ་གཞིགས་ནས་གླ་ཆ་སྤྲོད་དགོས” “སློབ་ཆེན་སློབ་མར་སྤྱི་ཚོགས་ཀྱི་ཉམས་མྱོང་ཞན་པར་བརྟེན་ལས་ཀ་འཚོལ་སྐབས་མཚམས་སྦྱོར་ཀུང་སི་དང་མི་སྤྱོད་ཚན་པར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། སློབ་གྲྭ་འགྲིམ་མུས་ཀྱི་སློབ་ཆེན་སློབ་མ་ཁག་གཅིག་གིས་མི་སྤྱོད་ཚན་པར་ཤེས་རྟོགས་ཞིབ་ཕྲ་མ་བྱས་པའི་གནས་ཚུལ་འོག་ལས་ཀར་འགྲོ་གི་ཡོད་པས་མགོ་སྐོར་འོག་ཚུད་སླ་པོ་ཡོད” “རང་ཉིད་ལ་འཚམ་པའི་ཞོར་ལས་ཤིག་འཚོལ་བ་ལས་སླ་པོ་དེ་ཙམ་མེད་པས་མི་སྤྱོད་ཚན་པར་བསྟུན་ཆེད་ལས་མི་སྤྱོད་པའི་གྲོས་མཐུན་རང་དགར་འཇོག་མི་རུང་། སློབ་གྲྭ་འགྲིམ་མུས་ཀྱི་སློབ་ཆེན་སློབ་མས་ཞོར་ལས་ལ་འགྲོ་སྐབས་རབ་བྱུང་ན་མི་སྤྱོད་ཚན་པ་དང་ཡིག་ཐོག་གི་ལས་མི་སྤྱོད་པའི་གྲོས་མཐུན་བཞག་ནས་ཕྱོགས་གཉིས་པོའི་དབང་ཆ་དང་འོས་འགན་གྱི་འབྲེལ་བ་ཁ་གསལ་བཟོ་དགོས། དེ་ལྟར་བྱས་ཚེ་རྩོད་གཞི་འཕྲད་སྐབས་གཞི་ནས་རང་ཉིད་ལ་སྲུང་སྐྱོང་དེ་བས་ལེགས་པ་བྱེད་ཐུབ” “གལ་ཏེ་དངོས་སུ་ལག་བསྟར་བྱེད་སྐབས་ཡིག་ཐོག་གི་གྲོས་མཐུན་འཇོག་ཐབས་བྲལ་ཡང་སྒྲ་ཕབ་དང་བརྙན་ལམ་སོགས་ཀྱི་དཔྱད་གཞི་ཉར་ཚགས་ཡག་པོ་བྱས་ནས་མི་སྤྱོད་ཚན་པ་དང་ལས་ཀའི་དུས་ཚོད་དང་། གླ་ཕོགས། ལས་ཀའི་ནང་དོན་སོགས་འབྲེལ་ཡོད་གྲོས་མཐུན་ཟིན་ཐོར་བཀོད་དེ་རང་ཉིད་ཀྱི་ཁེ་ཕན་ལ་སྲུང་སྐྱོང་གི་གྲ་སྒྲིག་ཨང་བསར་བྱེད་དགོས”ཞེས་ཝང་ཤན་མའེ་ཡིས་བཤད།

    གཞན་ཡང་ཝང་ཤན་མའེ་ཡིས་ད་དུང་སློབ་གྲྭ་འགྲིམ་མུས་ཀྱི་སློབ་ཆེན་སློབ་མས་ཞོར་ལས་ལ་འགྲོ་སྐབས་རང་ཉིད་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བརྒྱུད་འཚོང་དང་དྲ་རྒྱའི་རྩིས་ཐོ་བཟོ་བ་སོགས་ཁ་བསླུས་རྒྱག་ཐབས་དབྱེ་འབྱེད་འཇོན་ཐང་ཆེ་རུ་གཏོང་བ། ཡང་དག་པའི་རིན་ཐང་ལྟ་བ་དང་རྒྱུ་དངུལ་གྱི་ལྟ་བ་འཛུགས་པ་བཅས་བྱས་ནས་མགོ་སྐོར་འོག་མི་ཚུད་པ་དང་བཅའ་ཁྲིམས་ལས་མ་འགལ་སྔོན་འགོག་བྱེད་དགོས་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།