བོད་ཀྱི་ཁྱད་ལྡན་ཐོན་རྫས་དང་ཚོང་རྟགས་ཀྱི་སྙན་གྲགས་ཇེ་ཆེར་ཁྱབ་པ།
—— རང་ལྗོངས་ཀྱིས་ཁྱད་ལྡན་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཡག་པོ་འགྲོ་བར་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞིང་འབྲོག་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་གྱིས་འབྲི་གཡག་དང་། བོད་ལུག བོད་ཕག བོད་བྱ། བོད་སྨན་གྱི་སྨན་རྒྱུ་སོགས་ཁྱད་ལྡན་ཐོན་ཁུངས་ལ་དམིགས་པའི་རྨང་གཞིའི་ཐོག་ཞིང་ལས་དང་འབྲེལ་བའི་ཐོན་ལས་གླིང་ལ་བརྟེན་ཏེ་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ཞིང་། བྲིན་ཚོང་གི་ཐབས་ལམ་གཏོད་པ་དང་། ཁྱད་ལྡན་སྤུས་རྟགས་གཏོད་པ། ཤེས་ལྡན་པའི་དཔུང་ཁག་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་སོགས་ཐད་ནས་འགོ་བརྩམས་ཏེ། ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་རིམ་སྤོར་བཅས་མུ་མཐུད་བྱས་ནས་སྤུས་ཚད་དང་ཕན་འབྲས་ཆེ་རུ་དང་ཕྱོགས་སྒྱུར་རིམ་སྤོར་ཟམ་མི་ཆད་པས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
ཁྱད་ལྡན་ཐོན་རྫས་བྲིན་ཚོང་གི་ཐབས་ལམ་བཏོད་པ།
“འདི་གའི་ཚོང་ཟོག་ཚང་མ་མཚོ་བོད་ས་མཐོའི་ཁྱད་ལྡན་ཐོན་རྫས་ཡིན་པ་མ་ཟད། རིན་གོང་ཡང་ཧ་ཅང་འཚམ་པོ་འདུག”ཅེས་པེ་ཅིང་ནས་ཡོང་བའི་ལི་ལགས་ཀྱིས་གྲོགས་པོའི་འོས་སྦྱོར་འོག“བོད་ཀྱི་ཚོང་རྟགས”ཀྱི་ཚོང་རར་འཛུལ་ཏེ་རང་ཉིད་ཀྱིས་དགའ་པོ་བྱེད་པའི་ལག་དཀྲིས་ཕྲེང་བ་ཁ་ཤས་ཉོ་རྩིས་བྱས།
“བོད་ཀྱི་ཚོང་རྟགས”ཀྱི་ཚོང་ར་ནི་བོད་ཀྱི་ཁྱད་ལྡན་ཐོན་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཏོད་པའི“བོད་ཀྱི་ཁྱད་ལྡན་ཐོན་རྫས་གཅིག་འཐུས་རྣམ་པའི་ཉོ་སྒྲུབ་ལས་སྟེགས”ཤིག་རེད། མིག་སྔར། ཁེ་ལས་དང་ཚོང་པ་མང་དག་ཅིག་དེར་བཅའ་སྡོད་བྱས་པས་ཐོན་རྫས་སྣ་ཁ་སྟོང་ཕྲག་ཡན་ཟིན་པའི་ནང་ནས་དང་། ཚགས་ཤ བོད་ཀྱི་སྦི་རག ལག་ཤེས་བཟོ་རྩལ་ཐོན་རྫས་བཅས་གང་དགོས་འཛོམས་ཡོད།
“བོད་ཀྱི་ཚོང་རྟགས”དང་འདྲ་བའི་ཚོང་རར“ལས་སྟེགས་832”ཡོད་པ་དང་། ལས་སྟེགས་དེས་བོད་ལ“བོད་ཀྱི་ཁྱད་ལྡན་ཐོན་རྫས་ཆེད་ཚོང་ཁུལ”བཏོད་དེ་ཁག་དང་པོར་དབུལ་སྒྲོལ་རྫོང་6གི་ནས་དང་། ཇ་ལོ། ཚགས་ཤ དཀར་ཆུའི་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་70ལྷག་ཙམ་ལེགས་འདེམས་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་བྱེད་སྒོ་ཞིབ་ཚགས་ངང་སྒྲིག་འཛུགས་བྱས་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཟོག་འགྲེམས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། ཁྱད་ལྡན་ཐོན་རྫས་དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་ཐབས་ལམ་བཏོད་པ་དེས། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་དང་དེ་བཞིན་བོད་ཀྱི་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད། མིག་སྔར། རིམ་རྩིས་བྱས་ན། ལྗོངས་ཡོངས་སུ་རྫོང་རིམ་པའི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུ་ལྟེ་གནས་27དང་། ཤང་རིམ་པའི་ཞབས་ཞུའི་ས་ཚིགས་231 གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་704བཅས་བསྐྲུན་ནས་དྲ་ཐོག་ཚོང་དོན་གྱི་ཞབས་ཞུའི་མ་ལག་རགས་ཙམ་ཆགས་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ལྗོངས་ཕྱིའི་འགྲེམས་ཚོགས་སྣ་ཚོགས་ལ་ཞུགས་པ་དང་ལྗོངས་ནང་ཁུལ་གྱི་འགྲེམས་ཚོགས་སྣ་ཚོགས་གཉེར་བ་སོགས་ཀྱི་ཐབས་ལམ་བརྒྱུད། བོད་ཀྱི་ཁྱད་ལྡན་ཐོན་རྫས་ལྗོངས་ཕྱིར་ཚོང་ཐུབ་པར་སྐུལ་འདེད་བཏང་བས་ས་གནས་དེ་གའི་ཁྱད་ཆོས་མངོན་ཡོད།
“བོད་ཀྱི་ཚོང་རྟགས”ཀྱི་སྤུས་རྟགས་བཏོད་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས“བོད་ནས་ཕྱིར་ཚོང”གི་ཐོན་རྫས་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། དེའི་དམིགས་ཡུལ་ནི“སྤུས་རྟགས་ཅན”གཏོད་པའི་ཐབས་ལམ་བརྒྱུད། བོད་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་བོད་ལྗོངས་ས་ཁུལ་གྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་བསྣན་ཡོད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱད་ལྡན་ཐོན་ལས་ཀྱི་སྤུས་རྟགས་གཏོད་པའི་ལས་དོན་ལ་མཐོང་ཆེན་པོ་གནང་ནས“ཐོན་ལས་ཆེན་པོ་བདུན”ལ་དམིགས་ཏེ་སྤུས་རྟགས་བཏོད་པ་དང“སའི་གོ་ལའི་གླིང་སྣེ་གསུམ་པའི”སྤུས་རྟགས་ཀྱི་ཕན་འབྲས་ལ་བརྟེན་ཏེ“ཐོན་ལས་ཆེན་པོ་བདུན”འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་བར་སྐུལ་ཁྲིད་བྱས་པས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ས་གཙང་སྔོ་ཚལ་དང་མེ་ཏོག་འདེབས་འཛུགས་གླིང་ཁུལ་དུ་རིག་ནུས་དྲོད་ཁང་ཆེན་པོ་མང་པོ་སྟར་པ་བྱས་ནས་བརྒྱབ་ཡོད། ཡུལ་མི་ལྷག་པ་སྒྲོལ་མ་དང་བཟའ་ཟླ་ཟླ་བ་གཉིས་ཀ་གླིང་ཁུལ་དེའི་ལས་མི་ཡིན་ཞིང་། “ས་ཞིང་གི་བོགས་གླ་དང་གླ་ཕོགས་བསྡོམས་ན་ལོ་རེར་ཉུང་ཤོས་ལ་ཡོང་འབབ་སྒོར་ཁྲི་13ལྷག་ཙམ་ཟིན་གྱི་འདུག”ཅེས་ལྷག་པ་སྒྲོལ་མས་བཤད་པ་དང་། ཁོ་མོས་ཁྱིམ་དུ་ཁང་པ་གསར་པ་བརྒྱབ་པ་མ་ཟད། ཉེ་ཆར་ཡང་སྒོར་ཁྲི་15བཏང་ནས་འཇིབ་ཆུང་ཞིག་ཉོས་པ་རེད།
གླིང་ཁུལ་དེས་ས་ཞིང་མུའུ་3000ལྷག་ཙམ་བརྒྱུད་བཤུག་བྱས་པར་མུའུ་རེ་ནས་ལོ་ལྟར་ཡུལ་མིར་བོགས་གླ་སྒོར་1600སྤྲད་པ་མ་ཟད། དུད་ཚང་རེར་ལས་ཞུགས་ལས་གནས་རེ་མཁོ་འདོན་བྱས་ཡོད། ད་ཆ་གླིང་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་2.5བཏང་ནས་རིག་ནུས་དྲོད་ཁང་ཆེན་པོ་419བརྒྱབ་ཡོད། 2022ལོར་སྔོ་ཚལ་དང་ཤིང་འབྲས་རྒྱ་མ་ཁྲི་1500དང་མེ་ཏོག་སྣ་ཚོགས་ཁྲི་240བཏབ་པ་ལས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་1600ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།
ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེན་བྱས་པ།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཤེས་ལྡན་པ་སྟོབས་ཆེར་གཏོང་བའི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས“འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ་དང་། གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོར་འཇོག་པ། གཞི་རིམ་ལ་རྒྱབ་སྐྱོར་དང་གཟིགས་སྐྱོང་བྱེད་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ནུབ་རྒྱུད་ཀྱི་འོད་ཟེར་དང་། བོད་ཀྱི་དམིགས་བསལ་གསོ་སྐྱོང་། ཚོགས་སྒྲིག་ཆུང་ངུའི་བོད་སྐྱོར། ཆེད་ལས་ལག་རྩལ་ཤེས་ལྡན་པའི་ཤེས་བྱ་གསར་བརྗེས་འདུ་འགོད་སོགས་ཀྱི་ཐབས་ལམ་སྣ་ཚོགས་གང་ལེགས་སྤྱད་དེ། བོད་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལྷག་པར་དུ་གཞི་རིམ་གྱི་འཐབ་ས་དང་པོ་དང་། དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་སྐྱེད་སྲིང་བྱས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་དང་ཇུས་འདོན་ཚོགས་པའི་ཞབས་ཞུའི་ལས་སྟེགས་བཏོད་ཡོད།
གྲོང་གསེབ་དར་རྒྱས་གཏོང་བར་འགག་རྩ་ནི་མི་ལ་ཐུག་ཡོད། ཉམས་མྱོང་གིས་ཕྱུག་པའི་ལྷག་པ་སྒྲོལ་མས་རང་ཁྱིམ་གྱི“ཡོན་ཚད་མཐོ་བའི་སློབ་མ”སློབ་མཐར་ཕྱིན་རྗེས་ཕྱིར་ལོག་པའི་རེ་སྒུག་བྱེད་བཞིན་མཆིས། ཁོང་གིས“བུ་མོས་ལས་རིགས་སློབ་གྲྭར་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་ཀྱི་ཆེད་ལས་ལག་རྩལ་སྦྱོང་བཞིན་ཡོད། གླིང་ཁུལ་གྱིས་ཀྱང་མི་སྒེར་གྱིས་དྲོད་ཁང་ཆེན་པོ་འགན་གཙང་ལེན་དགོས་པའི་ལྕག་སྐུལ་བྱེད་ཀྱི་འདུག་པས། བུ་མོ་སློབ་གྲྭ་ཐོན་རྗེས། ངས་དྲོད་ཁང་ཆེན་པོ་ཁག་གཅིག་འགན་གཙང་ལེན་རྩིས་ཡོད”ཅེས་འབྱུང་འགྱུར་གྱི་འཕེལ་རྒྱས་སྐོར་གླེང་སྐབས་ལྷག་པ་སྒྲོལ་མས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།
ཉེ་ཆར། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གསར་གཏོད་ལས་གཏོད་ཚོད་ལྟའི་འཛིན་གྲྭའི་དྲ་ཐོག་ཚོང་དོན་གཉེར་ཐབས་དངོས་སྦྱོང་སྒར་ས་ལས་གཉེར་དང་གསར་གཏོད་ལས་གཏོད་སློབ་གླིང་གི་མཚན་འཛིན་ཡོན་ཀྲང་གདན་ཞུའི་མཛད་སྒོ་སློབ་གྲྭ་དེར་གཉེར་ཞིང་། མཛད་སྒོར་གསར་གཏོད་ལས་གཏོད་སློབ་གླིང་གི་མཚན་འཛིན་ཡོན་ཀྲང་ཡིན་པའི་ཀྲའོ་ཅེ་ཡིས“ད་ཐེངས་ཀྱི་དྲ་ཐོག་ཚོང་དོན་གཉེར་ཐབས་དངོས་སྦྱོང་སྒར་ས་ནི་སློབ་གྲྭ་དང་ཁེ་ལས་གཉིས་ཀྱིས་མཉམ་དུ་སྐུལ་སྤེལ་གཏོང་བའི་དྲ་ཐོག་ཚོང་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ཤིག་ཡིན་པ་དེས་གློག་རྡུལ་ཚོང་དོན་གྱི་སྔོན་ཐོན་ཤེས་བྱར་བརྟེན་ནས་སྤྱོད་གོ་ཆོད་པའི་རྩལ་ནུས་སྦྱོང་བརྡར་སྤྲད་དེ་སློབ་མ་ཚོ་འབྱུང་འགྱུར་ལས་གཏོད་དང་ལས་ཞུགས་ཐུབ་པར་ནུས་པ་བཏོན་ཡོད”ཅེས་བཤད།