མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པ་དང་རིག་གནས་ཁྲོམ་རའི་ཁྱབ་ཁོངས་ཀྱི་མེ་ཟོན་བདེ་འཇགས་འགན་ལེན་བྱ་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་ཞིབ་བཤེར་ཚོགས་ཆུང་བཙུགས་ནས། དུས་ཡུན་ཉིན་10ཡི་རིང་རིག་གནས་ཁྲོམ་ར་དང་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་བདེ་འཇགས་ཀྱི་ཞིབ་བཤེར་བྱས་པ་རེད།
ཞིབ་བཤེར་བྱེད་རིང་། ཞིབ་བཤེར་ཚོགས་ཆུང་གིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་སྤྱད་ནས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་6གི་ཤང་དང་གྲོང་རྡལ་19ཡི་སྲིད་འཛིན་གྲོང་ཚོ་23དུ་བསྐྱོད་དེ། རིམ་པ་ཁག་དང་རིགས་ཁག་གི་རིག་དངོས་སྲུང་སྐྱོབ་ཚན་པ་26དང་རིག་གནས་ཁྲོམ་ར་གཉེར་སྐྱོང་ཁང་35ལ་ཞིབ་བཤེར་བྱས་པ་དང་། རིམ་ཁག་རིག་དངོས་ཚན་པའི་རིག་དངོས་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་དང་། རིག་དངོས་བདེ་འཇགས་ཀྱི་མེ་ཟོན་སྤྱི་བསྒྲགས་དང་གསལ་བསྒྲགས་བྱས་ཚུལ། འབར་རུང་འབར་སླའི་དངོས་རྫས་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་བསལ་ཚུལ། རོལ་རྩེད་ཁང་གི་མེ་ཟོན་སྒྲིག་བཀོད་དང་སྒྲིག་ཆས། རིག་དངོས་སྲུང་སྐྱོབ་ཚན་པའི་སྐྲུན་དངོས་ཀྱི་ཆུ་འབུད་གནས་ཚུལ་བཅས་ལ་གཙོ་གནད་དུ་ཞིབ་བཤེར་བྱས་པ་རེད།
ཞིབ་བཤེར་ཚོགས་ཆུང་གིས་ལྷག་བསྡད་པའི་གནད་དོན་ལ་དམིགས་ནས། རིག་དངོས་བདེ་འཇགས་དོན་ཚན་ཐད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དག་ཐེར་གྱི་གསལ་ཐོ་ཁྱོན་24གཤམ་སྤྲོད་བྱས་པ་དང་། གནད་དོན་72ཤེས་རྟོགས་བྱུང་བ། གནད་དོན་60དུས་བཀག་ལྟར་དག་ཐེར་བྱས་པ། མངོན་མེད་རྐྱེན་ངན་གཞན་12བཅས་ཡོད་པ་དང་། རིག་གནས་ཁྲོམ་རར་ལྷག་བསྡད་པའི་གནད་དོན་ལ་དམིགས་ནས་དག་ཐེར་གྱི་གྲོས་འགོ་བཏོན་ཏེ། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་21ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཡོ་བསྲང་བྱེད་དགོས་པའི་བརྡ་ཐོ་6བཏང་བ། གནད་དོན་30འཕྲལ་སྒྲུབ་འཕྲལ་བཅོས་བཅས་བྱས་པ་རེད།