དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • མི་སྤྱི་པུའུ་དང་ཁྲིམས་འཛིན་པུས་ཞིང་པ་ལས་མིར་གླ་ཆ་དུས་ཐོག་ཏུ་སྤྲོད་པའི་བྱ་སྤྱོད་མཉམ་དུ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

     ཉེ་ཆར། མི་སྤྱི་པུའི་གཞུང་དོན་ཐིང་དང་ཁྲིམས་འཛིན་པུའི་གཞུང་དོན་ཐིང་གིས《“ཞིང་པ་ལས་མིར་གླ་ཆ་དུས་ཐོག་སྤྲོད་ཐུབ་པར་བྱེད་པའི”བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ཞིང་པ་ལས་མིའི་ངལ་རྩོལ་གླ་ཆའི་ཁེ་དབང་སྲུང་སྐྱོང་བྱེད་པ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    བརྡ་ཐོའི་ནང་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གླ་ཆ་འགྱངས་ཆད་སོགས་ཞིང་པ་ལས་མིའི་ངལ་རྩོལ་གླ་ཆའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནད་དོན་ཐག་གཅོད་ལ་དམིགས་ཏེ་གཙོ་གནད་ཐོག་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དང་། ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་ཤར་བགྲོད་ཡོང་བ། ཁྲིམས་སྒྱུར་ཞབས་འདེགས་ལ་ཤུགས་སྣོན་རྒྱག་པ། བཅའ་ཁྲིམས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་དང་ཁྲིམས་སྲོལ་ཤེས་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཁེ་ལས་ཀྱི་མི་སྤྱོད་སྔར་བས་ཚད་ལྡན་ཡོང་བར་སྐུལ་མ་གཏོང་བ། ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་བ་དང་བཅའ་ཁྲིམས་ཀྱི་ཞབས་འདེགས་དེ་བས་ལེགས་པ་ཡོང་བ་བཅས་བྱས་ནས་ཞིང་པ་ལས་མིའི་ངལ་རྩོལ་གླ་ཆའི་ཁེ་དབང་སྲུང་སྐྱོང་སྔར་བས་ཡག་པོ་བྱེད་པར་སྐུལ་འདེད་གཏོང་དགོས།

    བརྡ་ཐོའི་ནང་ཁ་གསལ་བསྟན་དོན། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། ཞིང་པ་ལས་མིའི་ངལ་རྩོལ་གླ་ཆའི་ཁེ་དབང་སྲུང་སྐྱོང་གི་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤེལ་ནས་སྲིད་ཇུས་དང་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་ལག་དེབ་སྤྲད་དེ་གསར་དུ་གཉེར་བའི་ཁེ་ལས་དང་རྣམ་གྲངས་ཀྱི་ལས་ཡུལ་དུ་ཁྲིམས་སྐྱོང་འཆད་ཁྲིད་བྱེད་དགོས། ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་ཤར་བགྲོད་ཡོང་བ་བྱས་ནས་ཞིང་པ་ལས་མིའི་སྐོར་སྐྱོད་ལས་དོན་ས་ཚིགས(ལས་གནས)འཛུགས་པར་སྐུལ་མ་བཏང་སྟེ་གཅིག་འཐུས་རྣམ་པའི་ཕྱོགས་བསྡུས་ཁེ་དབང་སྲུང་སྐྱོང་སྐར་ཁུང་གང་མགྱོགས་བསྐྲུན་ཏེ་ཞིང་པ་ལས་མིའི་གླ་ཆའི་རྩོད་གཞི་ཁྲུན་གཅོད་ཁྲིམས་ར་བསྐྲུན་པ་དང“ཡིག་སྐུར། ཞུ་འབུལ། དྲ་བ། ཁ་པར”བཅས་ཀྱི་ཐབས་ལམ་མང་པོ་ནས་ཁེ་དབང་སྲུང་སྐྱོང་གི་ཞུ་གཏུག་མ་ལག་གཏོད་དགོས། ཁྲིམས་སྒྱུར་ཞབས་འདེགས་ཡག་པོ་ཞུས་ཏེ“ཁེ་ལས་སུ་ཁྲིམས་སྒྱུར་ཞབས་འདེགས་ཁྱབ་པའི”བྱེད་སྒོ་སྒྲིག་འཛུགས་བྱས་ནས་ཁེ་ལས་ལ་མི་སྤྱོད་དོ་དམ་འཐུས་ཚང་དུ་གཏོང་རོགས་བྱེད་པ་དང་འབྲེལ་ཡོད་ལས་སྒོའི་ཤེས་བྱ་ཟུར་ཁྲིད་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་དགོས་མཁོར་གཞིགས་ནས་ཞིང་པ་ལས་མི་འདུ་འཛོམས་བྱ་ཡུལ་དུ་བཅའ་ཁྲིམས་རོགས་སྐྱོར་གྱི་ལས་དོན་ས་ཚིགས་སམ་ཡང་ན་འབྲེལ་གཏུག་ས་ཚིགས་བཙུགས་ནས་ཞིང་པ་ལས་མིར་བཅའ་ཁྲིམས་རོགས་སྐྱོར་གྱི་ཐོགས་མེད་བགྲོད་ལམ་ཤར་བགྲོད་ཐུབ་པར་བྱས་ཏེ་ཞིང་པ་ལས་མིར་ངལ་རྩོལ་གླ་ཆའི་གྱོད་གཞི་སྔོན་ལ་བདག་སྤྲོད་དང་། ཞིབ་དཔྱད། མངགས་གཏོང་བཅས་བྱེད་དགོས། ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས་ས་གནས་ཁག་ལ“གླ་ཆ་འགྱངས་ཆད་མི་བྱེད་པའི་གྲོང་ཁྱེར”དང་། “གླ་ཆ་འགྱངས་ཆད་མི་བྱེད་པའི་ཁེ་ལས” “གླ་ཆ་འགྱངས་ཆད་མི་བྱེད་པའི་རྣམ་གྲངས”བཅས་གཏོད་རྒྱུར་སྐུལ་ལྕག་བྱས་ཏེ“ཞིང་པ་ལས་མི་ཡག་ཤོས”འདེམས་པའི་བྱེད་སྒོ་སྤེལ་དགོས། གླ་ཆ་འགྱངས་ཆད་དབང་གིས་འཚོ་བར་དཀའ་ངལ་འཕྲད་པའི་ཞིང་པ་ལས་མི་དུས་ཐོག་ཏུ་གྲལ་བཤེར་བྱས་ཏེ་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱེད་དགོས།

    བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་ཆེ་རུ་བཏང་ནས་ཞིང་པ་ལས་མིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ངལ་རྩོལ་གླ་ཆའི་ཁེ་ཕན་གྱི་གནད་དོན་དམ་འཛིན་བྱས་ཏེ་ལས་ཀའི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་ཁག་བགོས་ཁ་གསལ་བཟོ་བ། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བཅས་བྱས་ཏེ་བྱེད་སྒོར་ཐབས་དང་ཇུས་ཡོད་པ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།