དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ནམ་མཁའ་དེ་བས་གཡའ་དག་པ་དང་ཁོར་ཡུག་དེ་བས་སྐྱིད་སྣང་དོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

    འདི་ནི་ཁོར་ཡུག་སྲུང་སྐྱོང་ལས་དོན་པས་ཆུ་ཤུར་རྫོང་དུ་མཁའ་རླུང་གི་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་བཞིན་པ།

    “ཁོར་ཡུག་ལེགས་སུ་དང་མཁའ་རླུང་གཙང་མར་གྱུར་པས་འཚོ་བ་དེ་བས་སྐྱིད་སྣང་དོད་དུ་ཕྱིན་སོང”ཞེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤང་སྣེ་གྲོང་ཚོའི་གྲོང་མི་ཟླ་བས་སྔོ་ལྗང་གི་གོས་བཟང་བཀླུབས་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་ལྟ་བཞིན་དུ་དགའ་ཚོར་ཆེན་པོས་བཤད།

    ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་བཙུགས་ནས་ཤིང་འཛུགས་ལྗང་སྲུང་དང་ཆུ་རྩ་གསོ་འཁྱོངས་མཐའ་འཁྱོངས་ཀྱིས་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཕྱོགས་ཡོངས་ནས་སྤེལ་ཏེ་བྱ་ཐབས་སྣ་ཚོགས་བརྒྱུད་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་རང་ལྗོངས་ཀྱི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད།

    དེ་སྔའི་སྤང་སྣེ་གྲོང་ཚོར་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་ཡར་ཀླུང་གཙང་པོ་དང་ཉང་ཆུའི་འདྲེས་མཚམས་སུ་སྔོ་ཁེབས་ཉུང་བ་དང་བྱེ་འགྱུར་ཚབས་ཆེ་ཙམ་ཡོད། དཔྱིད་ཀ་དང་སྟོན་ཁ་ཟིན་དུས་བྱེ་རླུང་ལྡང་ཞིང་། ཆུ་བོ་རྒྱས་ཏེ་ཉེ་འཁོར་གྱི་གྲོང་མིའི་ཐོན་སྐྱེད་དང་འཚོ་བར་འགོག་རྐྱེན་ཆེན་པོ་བཟོ་ཡི་ཡོད།

    དེར་བརྟེན་ས་གནས་དེ་གའི་སྲིད་གཞུང་གིས“སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ《ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་སྤྱིའི་འཆར་འགོད》བཟོ་བ་དང་། ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དོ་དམ་ཅུས་འཛུགས་པ། འདམ་ར་སླར་གསོ་དང་སྲུང་སྐྱོང་སོགས་ཀྱི་འདུ་འགོད་ལག་བསྟར་བཅས་བྱས་པས་འདམ་ར་སྲུང་སྐྱོང་གི་ནུས་པ་རིམ་བཞིན་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།

    ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཉེ་འཁོར་གྱི་གྲོང་མི་ཚོས་ཀྱང་བྱེ་འགོག་ནགས་བཟོར་ཧུར་ཐག་ཞུགས་ཏེ། དུས་ཐུང་ལོ་བཅུ་གྲངས་ནང་ཤིང་འཛུགས་ནགས་བཟོ་རྒྱ་ཆེན་པོ་བྱས་པས་ས་ཆ་དེ་གའི་གནམ་གཤིས་ཀྱང་ཡག་ཏུ་ཕྱིན་ནས་ཉེ་འཁོར་གྲོང་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་ཕྱིན་ཡོད།

    ལྷ་ས་གྲོང་ཁྱེར་གྱི་ཉེ་འཁོར་རི་ལྡེབས་སུ་ས་གཤིས་ཀྱིས་རྐྱེན་པས་སྔོ་ཁེབས་ཧ་ཅང་ཉུང་། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དངོས་སུ་ལག་བསྟར་བྱས་ཚུན་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་13.7བཏང་ནས་མི་ཐབས་ནགས་བཟོ་མུའུ་ཁྲི་9.4དང་། འདེབས་འཛུགས་ནགས་བཟོ་མུའུ་ཁྲི་3.6 རི་རྒྱ་བསྡམས་ནས་ནགས་གསོ་མུའུ་ཁྲི་0.94བཅས་བྱས་པས་ལྷ་སའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་ས་ཁོངས་ཀྱི་ནགས་ཚལ་སྐྱེ་ཁམས་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།

    2022ལོར་ལྗོངས་ཡོངས་སུ་ནགས་ཚལ་ཁེབས་ཚད་12.31%བར་མང་དུ་ཕྱིན་པ་དང་རྩྭ་ཐང་དུ་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་48.02%ཟིན་ཡོད། ནགས་ཤིང་གི་ཐོན་ཁུངས་འབེལ་པོ་ཡོད་པས་མཁའ་རླུང་སྤུས་ཚད་ཡག་ཏུ་ཕྱིན་པར་རྨང་གཞི་བཟང་པོ་བཏིང་ཡོད།

    ཕྱོགས་ཡོངས་ནས་དགུང་སྔོན་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་ཆེད། རང་ལྗོངས་ཀྱིས་མང་ཚོགས་ཉེ་འགྲམ་དུ་ལྷགས་པའི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ལ་དམ་པོར་དམིགས་ཏེ། ཁྲའེ་ཡིའུ་སྣུམ་སྤྱོད་རླངས་འཁོར་གྱི་སྦགས་བཙོག་བཅོས་སྐྱོང་དང་། “འགྱིག་སྙིགས”སྦགས་བཙོག་བཅོས་སྐྱོང་། “ཁ་ཐོར་དང་། ཟང་ཟིང་། སྦགས་བཙོག”བཅས་ཀྱི་ཁེ་ལས་བཅོས་སྒྲིག་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས། བཙོག་འབུད་ལ་ཚོད་འཛིན་ནན་པོ་བྱས་ཏེ།“མཐོ་གཉིས”རྣམ་གྲངས་རྨོངས་ཚོད་ངང་འཕེལ་རྒྱས་འགྲོ་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། ཁོར་ཡུག་ཆོག་འཐུས་ཚད་གཞི་དང་རྗེས་ལུས་ཐོན་ནུས་དོར་བའི་འཆར་གཞི་ལག་བསྟར་ནན་པོ་བྱས་ནས། ནུས་རྒྱུ་གསར་པའི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་དང་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། སྦགས་བཙོག་ཆེ་བ་དང་ཕྱིར་འབུད་མང་བའི་ཁེ་ལས་ནང་འདྲེན་བྱེད་པར་གཏན་འགོག་མཐའ་གཅིག་ཏུ་བྱས་ཡོད།

    “མི་ཚང་མ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་ནས་ལྗང་མདོག་ཁྱིམ་གཞིས་གཏོད་པའི”རྣམ་པ་བཟང་པོ་ཞིག་གཏོད་ཆེད། འདས་ཟིན་པའི་ལོ་གཅིག་ནང་། རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཚན་གྱིས་མཉམ་འགུལ། མང་ཚོགས་ཐེ་ཞུགས་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས《ཤེས་དཔལ་བསང་གསོལ》དང《ཁོར་ཡུག་སྲུང་སྐྱོང་བའི་གླུ་དབྱངས》དང་། 《བྱང་ཐང་གི་ཚེ་སྲོག》《གངས་ལྗོངས་ཀྱི་ཁྲུང་ཁྲུང་སྐེ་ནག》སོགས་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་པར་གཞི་རབ་དང་རིམ་པ་པར་ལེན་སྒྲིག་བཟོ་བྱས་ཡོད། སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་ཟླ་བ་དང་ཐཱན་ཉུང་དང་ནུས་རྒྱུ་གྲོན་ཆུང་གཟའ་འཁོར་སོགས་ཀྱི་དུས་མཚམས་སུ་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་པར་མི་ཐེངས་ཁྲི་30ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

    བྱེད་ཐབས་རབ་རིམ་སྤེལ་བས་རང་ལྗོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་སུ་ཕྱིན་ཡོད། 2022ལོར་ལྗོངས་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99%ཡན་ཟིན་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99.9%ཟིན་པ། ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཚད་གཞི་དེ་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ནང་ཨང་དང་པོར་སླེབས་པས། བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།