ཧ་ཅང་གཡོ་སྒྱུ་ཆེ་དྲགས་ན། རེ་ཞིག་གྲུབ་ཀྱང་མཐའ་མར་བརླགས།
འདི་ནི་མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་བཟུང་བའི་གནས་ཚུལ་ཡིན་པ།
ཉེ་ཆར། ལྷོ་ཁའི་སྤྱི་བདེས་ལོ་18ཙམ་བྲོས་བྱོལ་དུ་ཕྱིན་པའི་ཡེ་ཆེ་གེ་མོ་བཟུང་བ་རེད།
2005ལོའི་ཟླ་7པར། ཧྲང་ཧའེ་གྲོང་ཁྱེར་གྱི་ཆུས་ཤིག་ཏུ་མི་བསད་པའི་གྱོད་གཞི་ཞིག་ཐོན་ཞིང་། མྱུལ་ཞིབ་བརྟག་དཔྱད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཡེ་ཆེ་གེ་མོར་མི་བསད་པའི་དོགས་པ་ཚབས་ཆེན་ཡོད་པ་ཤེས། གྱོད་གཞི་ཐོན་རྗེས། ཧྲང་ཧའེ་སྤྱི་བདེས་ཡེ་ཆེ་གེ་མོ་དྲ་ཐོག་གི་བྲོས་བྱོལ་ཉེས་ཅན་པར་གཏན་འཁེལ་གྱིས་འཛིན་བཟུང་བཀའ་རྒྱ་བཀྲམ། དེ་ནས་བཟུང་ཡེ་ཆེ་གེ་མོ་བྲོས་བྱོལ་དུ་ཤོར་ཏེ་མི་ཡུལ་ནས་ཡལ་བ་ལྟར་གོ་རྒྱུ་ཐོས་རྒྱུ་མེད།
2023ལོའི་ཟླ་4ཚེས་19ཉིན་གྱི་སྔ་དྲོར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་རྒྱུན་གཏན་གྱི་ལས་དོན་སྤེལ་སྐབས། བྲོས་བྱོལ་ཉེས་ཅན་པ་ཡེ་ཆེ་གེ་མོ་འདྲ་བའི་སྐྱེས་པ་ཞིག་སྣེ་གདོང་ཆུས་སུ་ཐོན་པ་ཤེས་ཏེ། འཕྲལ་དུ་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་གཙོ་བོར་སྙན་སེང་ཞུས། ཅུས་དེའི་འགོ་ཁྲིད་གཙོ་བོས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་ཉེས་གསོག་དོགས་ཅན་བཙལ་ནས་བཟུང་དགོས་པའི་བཀའ་བཏང་། ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་བཀའ་རྒྱ་འབྱོར་མ་ཐག་འཕྲལ་དུ་མི་དམངས་ཉེན་རྟོག་པ་བསྐོངས་ནས་ཚོགས་འདུ་འཚོགས་ཏེ་འཛིན་བཟུང་གི་ཇུས་གཞི་ཞིབ་ཕྲ་བཟོས། ཉིན་དེའི་ཆུ་ཚོད་15ཙམ་ལ། ལག་རྩལ་དང་བྱ་ཐབས་མང་པོ་སྤྱད་པ་དང་འབྲེལ། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གི་མཛུབ་ཁྲིད་དང་རོགས་རམ་ལས། སྐལ་བཟང་ལམ་གྱི་ཚོང་ཁང་ཞིག་ནས་ཉེས་གསོག་དོགས་ཅན་ཡེ་ཆེ་གེ་མོ་བཟུང་ཐུབ་ཡོད།
འདྲི་རྩད་བྱེད་སྐབས་ཡེ་ཆེ་གེ་མོས་སྟེས་དབང་གི་བསམ་བློ་བཅངས་ཏེ། མི་དམངས་ཉེན་རྟོག་པར་རང་ཉིད་བཟུང་དོན་དྲིས། མི་དམངས་ཉེན་རྟོག་པས་གྱོད་དོན་དང་དཔང་རྟགས་རེ་རེ་བཞིན་བསྟན་པས། མཐར་ཡེ་ཆེ་གེ་མོ་དཔའ་ཞུམ་སྟེ། 2005ལོའི་ཟླ་7པར་ཧྲང་ཧའེ་ཡི་ཆུས་ཤིག་ཏུ་བུད་མེད་གཅིག་བསད་པའི་ནག་ཉེས་ངོས་ལེན་ཞུས་པར་མ་ཟད། ངན་རོགས་སུ་རང་དང་རུས་མིང་གཅིག་པའི་ཡེ་ཆེ་གེ་མོ(བཟུང་ཟིན)གཞན་ཞིག་ཡོད་པ་དེའང་ཐེར་འདོན་བྱས། བྲོས་བྱོལ་དུ་འགྲོ་རིང་ཡེ་ཆེ་གེ་མོས“ལིའུ་ཆེ་གེ་མོ”ཞེས་པར་མིང་བསྒྱུར་ཡོད།
མིག་སྔར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཧྲང་ཧའེ་སྤྱི་བདེ་ཕྱོགས་ལ་བརྡ་ཐོ་བཏང་ཞིང་། ཡེ་ཆེ་གེ་མོའང་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས། ཧ་ཅང་གཡོ་སྒྱུ་ཆེ་དྲགས་ན། རེ་ཞིག་གྲུབ་ཀྱང་མཐའ་མར་བརླགས་ངེས་པས། ཡེ་ཆེ་གེ་མོའང་མཐར་ཁྲིམས་ཀྱི་རྒྱ་ལས་ཐར་ག་ལ་སྲིད།