སྔོ་ལྗང་གོས་བཟང་བཀླུབས་པའི་གནའ་གྲོང་ལྷ་ས།
འདི་ནི་ལྷ་ས་སྐྱིད་ཆུའི་ངོགས་ཀྱི་མཁའ་དབྱིངས་སུ་ཆུ་སྐྱར་གསུམ་ལྡིང་སྐོར་རྒྱག་བཞིན་པ།
འདི་ནི“ལྷ་སའི་གློ་བ”ཞེས་སུ་གྲགས་པའི་ལྷ་ཀླུ་འདམ་ར་ཡིན་པ།
འདི་ནི་བོད་བྱང་ཐང་དུ་ལུག་ཁྱུ་བག་ཕེབས་ངང་རྩྭ་ཆུ་ལོངས་སྤྱོད་བྱེད་བཞིན་པ།
འདས་ཟིན་པའི་ལོ་གཅིག་ནང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱབ་སྐྱོར་ཤུགས་ཆེན་འོག ལྷ་ས་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ནས་ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་གནམ་འོག་ཀུན་ལ་ཕན་པའི”མཛུབ་སྟོན་གྱི་དགོངས་དོན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས། ལྟེ་བའི་གྲོང་ཁྱེར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “མཚོ་བོད་ས་མཐོ་རྒྱལ་ཡོངས་ཙམ་མ་ཟད་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་གཏོད་ཆེད”རྒྱུན་མཐུད་ནུས་པ་བཏོན་ཡོད།
སྐྱེ་ཁམས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས“ཚད་གཞི་གསུམ་དང་གསལ་ཐོ་གཅིག”གི་གྲུབ་འབྲས་དེ་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་བཟོས་ཚད་གདེང་འཇོག་ལ་སྤྱོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་བཟོས་པའི་ཤུགས་རྐྱེན་གྱི་གདེང་འཇོག་ལ་ཞིབ་མཆན་འགོད་ཚད་72དང་ཁེ་ལས་ཀྱིས་རང་བརྟེན་ཐོ་འགོད་བྱས་པའི་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་བཟོས་པའི་ཤུགས་རྐྱེན་གྱི་གདེང་འཇོག་ཐོ་འགོད་རེའུ་མིག་བཟོ་ཚད་520ཟིན་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཁེ་ལས་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་འགན་ལེན་བྱས་ཡོད།
རྣམ་གྲངས་བཙུགས་ནས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་2.41ལྷག་ཙམ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རིགས་ཀྱི་རྣམ་གྲངས་13ལག་ལེན་བསྟར་བ་དང་། འདུན་ཞུ་བྱེད་བཞིན་པའི་རྣམ་གྲངས་10 འཆར་གཞི་བྱས་ན་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.86ལྷག་ཙམ་གཏོང་རྩིས་ཡོད་པ་རེད། རང་ལྗོངས་ཀྱི་ཉེན་ཆེའི་ཟོག་རོ་གཙང་སེལ་ལྟེ་གནས་བསྐྱར་སྐྲུན་རྒྱས་སྐྲུན་དང་། ལྷ་ས་སྐྱིད་ཆུའི་མལ་གྲོ་གུང་དཀར་རྫོང་ནས་གྲོང་ཁུལ་བར་གྱི་དུམ་བུའི་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་ཉམས་གསོའི་བཅོས་སྐྱོང་ལས་གྲྭའི(དུས་ཐེངས་དང་པོ)གཙོ་གནད་རྣམ་གྲངས་2གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ།
ཏང་གི་མཛུབ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་མགྱོགས་མྱུར་བྱས་པ།
མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་འགྲོ་བ་དེ་སྐྱེ་ཁམས་ཁོར་ཡུག་ཡག་པོ་བྱུང་མིན་དང་ཁ་འབྲལ་ཐབས་མེད། 2022ལོར་ལྷ་ས་གྲོང་ཁྱེར་དང་། དེ་བཞིན་རྫོང་དང་ཆུས་3དང་། ཤང་དང་གྲོང་རྡལ་25 གྲོང་ཚོ་དང་གྲོང་ལྷན་124བཅས་ལ་རང་སྐྱོང་ལྗོངས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་མིང་བསྐལ་ཐོབ་པ་རེད། ལྷ་ས་གྲོང་ཁྱེར་གྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་དཔྱད་ཧུར་ཐག་བྱས་པར་བསྡོམས་རི་སྐྱེས་སྲོག་ཆགས་རིགས་89ཤེས་རྟོགས་བྱུང་བའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས་17ཡོད་པ་དང་། བྱ་རིགས་ཀྱི་སྣ་མང་རང་བཞིན་གྱི་གཞི་རྩར་ཕྱོགས་བསྡུས་བརྟག་དཔྱད་ཧུར་ཐག་བྱས་པར་ལྷ་ས་གྲོང་ཁྱེར་ལ་བྱ་རིགས་242ཡོད་པ་དེས་བོད་རང་སྐྱོང་ལྗོངས་ཀྱི་བྱ་རིགས་ཀྱི་སྤྱིའི་གྲངས་འབོར་གྱི་49.2%བཟུང་ཡོད། སྐྱེ་ཁམས་ལས་གནས་ལ་བརྟེན་ནས་སྐྱེ་ཁམས་དར་རྒྱས་ལ་སྐུལ་འདེད་བཏང་བས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་དང་སྐྱེ་ཁམས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད།
སློབ་གྲྭ་དང་། དཔུང་སྡེ། ཁེ་ལས། ལས་ཁུངས། སྡེ་ཁུལ། དགོན་སྡེ། གྲོང་ཚོ་དང་གྲོང་རྡལ་བཅས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཀྱི་སྒྲོག་འགྲེལ་བྱ་ཆེད། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས“བདུན་སྤེལ”སྒྲོག་འགྲེལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་དྲིལ་བསྒྲགས་དཔྱད་ཡིག་ཁྲི་2.5ལྷག་ཙམ་དང་དྲིལ་བསྒྲགས་དངོས་པོ་ཁྲི་4.8ལྷག་ཙམ་སྤྲད་ནས། དམངས་ཡོངས་ཀྱིས་སྔོ་ལྗང་ལ་གཅེས་སྐྱོང་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཐུན་མོང་ཐོག་གཏོད་རྒྱུའི་འབོད་སྐུལ་བྱས་པ་རེད། གཞན་ཡང་སྐད་འཕྲིན་དང་དཔོད་ཆུང་གི་ལས་སྟེགས་བརྒྱུད་ཆ་འཕྲིན་2965ཡོངས་བསྒྲགས་བྱས་པ་རེད།
ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་ཏན་ཏིག་བཏང་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འགན་ལེན་དེ་བས་ཡག་པོ་བྱས་པ།
ལོ་མང་རིང་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་ཏེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་པ་དང་། ཏང་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་སྒོའི་ལས་དོན་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་དོན་འཁྱོལ་མཐའ་འཁྱོངས་ཀྱིས། ཏང་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཉིས་ཀར་སྐུལ་འདེད་བཏང་ཡོད། ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དུས་ཐོག་ཏུ་འཚོགས་ནས་ཏང་འཛུགས་སྐྱོང་དང་། ཏང་སྲོལ་སྲིད་གཙང་། འདུ་ཤེས་འཛིན་སྟངས་བཅས་བཀོད་སྒྲིག་བྱས་ཏེ། ཁག་དབྱེ་ནས་གོ་གནས་ལེགས་སྒྲིག་དང་གོ་གནས་སྤོར་བའི་ལས་དོན་སྤེལ་བ་རེད། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྤྱོད་གཙང་རང་འདོམས་ལམ་སྲོལ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས“འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི”མི་སྣ་འདེམས་སྤྱོད་ཀྱི་སྟོན་ཕྱོགས་ཁ་གསལ་བཙུགས་པ་རེད།
ལྷ་ས་གྲོང་ཁྱེར་གྱིས་འབད་འབུངས་ཡར་བརྩོན་དང་འབད་བརྩོན་ལྷོད་མེད་བྱས་ཏེ་དེ་བས་གསར་གཏོད་ཀྱི་འདུ་ཤེས་དང་དེ་བས་ཏན་ཏིག་གི་སྤྱོད་ཚུལ་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་དེང་རབས་ཅན་གྱི་ལྷ་ས་གསར་པ་བསྐྲུན་པའི་ངོ་མཚར་ཆེ་བའི་ལེའུ་གསར་པ་བརྩམས་དང་རྩོམ་བཞིན་ཡོད་པ་རེད།