དབུ་ཤོག>ཁྲིམས་ལུགས།
  • ཁྲོམ་རའི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-16

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཁེ་དབང་ལ་བཙན་གནོད་དང་རྫུན་མར་རྡུང་རྡེག་གཏོང་བའི་ལས་དོན་དེ་ཁྲོམ་རའི་སྒྲིག་ལམ་དང་། དྲང་སྙོམས་ཀྱི་འགྲན་རྩོད། མང་ཚོགས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ཏེ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཁྲིམས་ལྟར་བཅོས་སྒྲིག་དང་། རྡུང་གཏོད་ཟུང་འབྲེལ། སྤྱི་འདོམས་མཉམ་སྒྲུབ། སྤྱི་ཚོགས་མཉམ་བཅོས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་དང་། སྡེ་ཚན་དང་། ཁྱབ་ཁོངས། ས་ཁོངས་བཅས་བརྒལ་བའི་ཁྲིམས་བསྟར་མཉམ་འགུལ་ལ་སྐུལ་འདེད་གཏོང་བ། ཁེ་དབང་ལ་བཙན་གནོད་དང་རྫུན་མའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱས་ནས། ཚད་ལྡན་དང་གོ་རིམ་ལྡན་པ་དང་དྲང་གཞག་དྲང་སྙོམས་ཀྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར་གཞིགས་ན། 2022ལོར། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྱོན་ཁེ་དབང་ལ་བཙན་གནོད་དང་རྫུན་མའི་གྱོད་གཞི་སྣ་ཚོགས་300ལྷག་ཙམ་ཞིབ་གཅོད་བྱས་པར་ཆད་པ་དང་གཞུང་བཞེས་བཏང་བའི་དངུལ་སྒོར་ཁྲི་573ཟིན་ཡོད་པ་རེད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཚན་གྱིས་ཤེས་བྱའི་བདག་དབང་ལ་བཙན་གནོད་དང་རྫུན་ལྷད་ཞན་གསུམ་བཟོ་བ་དང་ཚོང་པའི་ཉེས་གསོག་གྱོད་གཞི་1ལ་སྔོན་ཚུད་ནས་ཐེ་ཇུས་བྱས་པ་དང་། བཟའ་བཅའི་བདེ་འཇགས་ཁྱབ་ཁོངས་ཀྱི་ཁུངས་སྣེ་64དང་སྨན་རྫས་ཁྱབ་ཁོངས་ཀྱི་ཁུངས་སྣེ་3བདག་སྤྲོད་བྱས་པ་རེད།

    ཉེ་ཆར། མང་ཚོགས་ཤིག་གིས་ཁྱུག་དབྱིངས་སུ་ལྷ་ས་འོ་བརྒྱལ་ཐང་གི་ཚོང་ཁང་ཞིག་ལ་ཟོག་གོང་ཧམ་སྤོར་བྱས་པའི་དོགས་པ་འདུག་ཅེས་མིང་ངོ་མ་བཀོད་ནས་ཐེར་འདོན་བྱས་པ་དང་། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ཁྲིམས་སྒྱུར་བར་ཆ་འཕྲིན་འབྱོར་འཕྲལ་ས་གནས་ས་ཐོག་ཏུ་བསྐྱོད་དེ་འདྲི་རྩད་བྱས། འཛད་སྤྱོད་པ་དེས་སྔོ་ཚལ་ཚོང་ཁང་ཞིག་ནས་པད་ཚལ་རྒྱ་མ་4(རྒྱ་མ་རེར་སྒོར་4)དང་། ཕག་ཀྲིན1(ལྕགས་ཀྲིན་རེར་སྒོར་20) ཕབ་རྩི་ཤོག་ཆག་8(ཤོག་ཆག་རེར་སྒོར་3)བཅས་ཉོས་པར་ཁྱོན་སྒོར་60སྤྲད་པ་རེད། མང་ཚོགས་དེས་རིན་གོང་མཐོ་དྲགས་འདུག་བསམས་ནས་ཚོང་སློག་སྐབས་ཚོང་པ་དང་ཁ་རྩོད་ཤོར་བས་བརྙན་ཐུང་སྤེལ་ནས་ཐེར་འདོན་བྱས་པ་རེད།

    བདེན་མིན་ཞིབ་དཔྱད་བྱས་པ་བརྒྱུད། ཚོང་ཁང་དེའི་པད་ཚལ་གྱི་མ་གནས་རྒྱ་མ་རེར་སྒོར་2.8དང་། ཕག་ཀྲིན་གྱི་མ་གནས་ཤོག་སྒམ་རེར་སྒོར་440(ལྕགས་ཀྲིན་རེར་སྒོར་18.3) ཕབ་རྩིའི་མ་གནས་ཤོག་ཆག་རེར་སྒོར་1.5བཅས་ཡིན་པ་དང་། ཁྲིམས་སྒྱུར་བས་ལྷ་ས་གྲོང་ཁྱེར་གྱི་མིག་སྔའི་ཚོང་ཟོག་གི་ཆ་སྙོམས་རིན་གོང་ལ་གཞིགས་ནས་པད་ཚལ་དང་ཕག་ཀྲིན་གྱི་རིན་གོང་འོས་འཚམ་ཡིན་པ་དང་ཕབ་རྩིའི་རིན་གོང་ཅུང་མཐོ་དྲག་པའི་ཚིག་ཐག་བཅད་པ་རེད། དེ་རྗེས་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཚོང་ཁང་དེར་ཉིན་7རིང་གཉེར་སྐྱོང་བྱེད་མཚམས་བཞག་ནས་དག་ཐེར་བྱེད་དགོས་པ་དང་ཆབས་ཅིག འབྲེལ་ཡོད་ཚོང་ཟོག་གི་རིན་གོང་བསྐྱར་སྒྲིག་བྱེད་དགོས་པའི་བཀའ་ཕབ་པ་རེད།

    འདི་ལོ་ཚུན་དུ། ཁྲོམ་རའི་རིན་གོང་གི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་དམངས་འཚོའི་ཚོང་རྫས་གལ་ཆེན་དག་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་ཆེད། ལྗོངས་ཡོངས་ཀྱི་རིམ་གསུམ་ཁྲོམ་ར་ལྟ་འདོམས་ཁྲིམས་སྒྱུར་སྟོབས་ཤུགས་ཀྱིས་རྒྱུན་རྣམ་ཅན་གྱི་ཆེད་དོན་ཁྲིམས་སྒྱུར་སྐོར་ཞིབ་ཞིབ་བཤེར་ལས་དོན་སྤེལ་བ་མ་ཟད། ད་དུང་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་ས་དང་ཟོང་གོང་འཕར་ཆག་ལ་དམིགས་ཏེ་རིན་གོང་ཐད་ཀྱི་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། བྱེད་ཐབས་སྣ་མང་སྤྱད་དེ་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། ཚོང་ཟོག་གི་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱ་ཆེད། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དྲན་སྐུལ་བསླབ་བྱ་དང་། སྲིད་འཛིན་སྐོང་འདྲི། སྲིད་འཛིན་མཛུབ་ཁྲིད་ཡི་གེ་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་ཚོང་ལས་གཉེར་སྐྱོང་བ་ཚང་མར་དྲང་སྙོམས་དང་ཁྲིམས་མཐུན་གྱི་རྩ་དོན་བརྩི་སྲུང་ནན་པོ་ཞུས་ནས་གཞུང་དྲང་ཡིད་རྟོན་གཉེར་སྐྱོང་ལ་སྐུལ་འདེད་དང་མཛུབ་ཁྲིད་བྱས་པ་དང་། དེའི་རིང་ཁྱོན་དྲན་སྐུལ་བསླབ་བྱ་ཐེངས་3500ལྷག་ཙམ་བྱས་པ་དང་། དྲ་ཐོག་ཚོང་དོན་ལས་སྟེགས་དང་མཁོ་འདོན་འགན་ལེན་ཁེ་ལས་སོགས་དབར་ཁས་ལེན་ཡི་གེ་1200ལྷག་ཙམ་བཞག་པ། ཚོང་དུད་230ལྷག་ཙམ་ལ་སྐོང་འདྲི་བཅས་བྱས་ནས། གཉེར་སྐྱོང་བར་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། རིན་གོང་རང་འདོམས་ལ་ཤུགས་སྣོན། བཅའ་ཁྲིམས་དང་སྒྲིག་སྲོལ་བཞིན་གཉེར་སྐྱོང་། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་རང་རྟོགས་ངང་ཟབ་ཏུ་གཏོང་བ་སོགས་གཞོགས་འདེགས་ཧུར་ཐག་བྱས་ཏེ་མཁོ་འདོན་འགན་ལེན་དང་ཟོག་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་བཏང་བ་རེད།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཚོང་ཁང་ཞིག་གིས་ཕག་ཤ་སྐམ་པོ་དང་ཡཱ་ཙེའི་ཤ་འཕྲུལ་ཆས་ཀྱིས་གཏུབ་རྗེས་ཚགས་ཤ་སྐམ་པོར་བརྫུས་ནས་བཙོངས་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་དོན་གཅིག་པའི་ནང་གསེས་གསུམ་པ་གཞིར་བཟུང་། ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཚོང་ཁང་དེར་ཁྲིམས་ལྟར་ཁྲིམས་འགལ་གྱི་ཡོང་འབབ་གཞུང་བཞེས་བཏང་བ་མ་ཟད། ད་དུང་སྒོར་ཁྲི་2ཀྱི་སྲིད་འཛིན་ཆད་པ་ཡང་བཅད་པ་རེད།

    ཁྲོམ་རའི་ཁྱབ་ཁོངས་ཀྱི་སྒེར་སྡོམ་དང་ཚུལ་མིན་འགྲན་རྩོད་ཀྱིས་དྲང་སྙོམས་འགྲན་རྩོད་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་དཀྲུག་སྲིད་པས། 《བོད་རང་སྐྱོང་ལྗོངས་ཀྱི་སྒེར་སྡོམ་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཐིང་དབར་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས》དང་། 《ལྗོངས་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་སྒེར་སྡོམ་ལ་ངོ་རྒོལ་བྱེད་པའི་ཁྲིམས་སྒྱུར་གྱོད་སྒྲུབ་རོགས་རེས་ལམ་སྲོལ》 《བོད་རང་སྐྱོང་ལྗོངས་ཀྱི་དྲང་སྙོམས་འགྲན་རྩོད་ཞིབ་བཤེར་ལས་དོན་གྱི་ཐིང་དབར་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས》བཅས་ལ་བརྟེན་ནས་ཁྲོམ་རའི་འགྲན་རྩོད་སྒྲིག་ལམ་དག་ཐེར་དང་ཚད་ལྡན་དུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་པ་དང་ཚུར་སྣང་ལན་ཆ་ཆེ་བའི་དྲིལ་བསྒྲགས་རྫུན་མ་དང་། འདྲ་བཟོ་མཉམ་བསྲེས། བརྒྱུད་འཚོང་། ཚོང་ལས་ཀྱི་གསང་བར་བཙན་གནོད། དྲ་སྦྲེལ་ཁྱབ་ཁོངས་ཀྱི་ཚུལ་མིན་འགྲན་རྩོད་བཅས་ཁྲིམས་སྒྱུར་གྱི་གཙོ་གནད་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སྔོན་འགོག་ལ་གཞི་ཚུགས་པ་དང་བཅོས་སྒྲིག་ལ་དམིགས་ནས་འགྲན་རྩོད་ཚད་ལྡན་དུ་གཏོང་བའི་ཆེད་དོན་ཁྲིམས་སྒྱུར་བྱ་སྤྱོད་རབ་དང་རིམ་པ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོ་ཚུན་དུ། ལྗོངས་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱིས་ཚུལ་མིན་གྱི་འགྲན་རྩོད་གྱོད་གཞི་5ཞིབ་གཅོད་བྱས་པ་དང་། ཆད་པ་དང་གཞུང་བཞེས་བཏང་བའི་དངུལ་སྒོར་ཁྲི་84.98ཟིན་པ་ལས་ཚོང་ལས་ཀྱི་ལྐོག་རྔན་སྤྲད་པའི་གྱོད་གཞི་1དང་དེར་ཆད་པ་དང་གཞུང་བཞེས་བཏང་བའི་དངུལ་སྒོར་ཁྲི་10.3ཟིན་ཡོད་པ་རེད།

    c0af44ae-1608-4b9d-ba51-b1efcdc00678.jpg.jpg

    འདི་ནི་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་དོན་མི་སྣ་ཁྲོམ་རར་བསྐྱོད་དེ་འབྲུ་སྣུམ་དང་། སྔོ་ཚལ། ཤ་དང་སྒོ་ང་། འོ་མ་སོགས་ཀྱི་རིན་གོང་དང་མཁོ་སྤྲོད་ལ་ལྟ་ཞིབ་བྱེད་བཞིན་པ།

    e15d8048-21bf-494d-ab40-41a40d959bd5.jpg.jpg

    འདི་ནི་རང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ལས་དོན་པས་ས་གནས་ས་ཐོག་ཏུ་བསྐྱོད་དེ་ཚོང་དུད་ཁག་ལ་རིན་གོང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བར་མཛུབ་ཁྲིད་བྱེད་བཞིན་པ།

    2a146245-1086-44dc-86e2-c492ce93fa52.jpg.jpg

    འདི་ནི་ལས་དོན་མི་སྣས་ཞིང་ཟོག་ཁྲོམ་རར་ཤའི་རིན་གོང་ལ་ལྟ་ཞིབ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།