ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་རི་ཐང་དྲག་ཆས་སྦྱོང་བརྡར་བྱེད་སྒོ་སྤེལ་བ།
འདི་ནི་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་མིས་མཐའ་བསྐོར་ཚར་གཅོད་དམག་འཐབ་སྟེ་འཇབ་རྒོལ་སྦྱོང་བརྡར་བྱེད་བཞིན་པ།
འདི་ནི་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་མིས་རི་ནས་བབས་མ་ཐག་དམག་འཐབ་བྱེད་བཞིན་པ།
འདི་ནི་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་མིས་ལུས་སྟོབས་སྦྱོང་བརྡར་བྱེད་བཞིན་པ།
འདི་ནི་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་མིས་མཐའ་བསྐོར་ཚར་གཅོད་དམག་འཐབ་སྟེ་འཐབ་རྩལ་རུ་ཆུང་གི་སྦྱོང་བརྡར་བྱེད་བཞིན་པ།
དཔུང་སྡེའི་རུ་མིའི་གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་བ་དང་། དཔུང་ཁག་གི་དམག་འཐབ་ཉམས་འགྱུར་ལེགས་སུ་གཏོང་བ། དཔུང་ཁག་གི་རི་ཐང་དངོས་འཐབ་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“ལང་ཚོར་བརྟེན་ནས་སྲོལ་གསར་གཏོད། སྦྱོང་བརྡར་བྱས་ནས་དམག་ཧྲག་སྐྱོང”ཞེས་པའི་རི་ཐང་དྲག་ཆས་སྦྱོང་བརྡར་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རི་ཐང་དྲག་ཆས་སྦྱོང་བརྡར་བྱེད་སྒོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སྔ་རྗེས་སུ་ལུས་སྟོབས་སྦྱོང་བརྡར་དང་། རི་འཛེག་འཁྱུད་འབབ། རི་ཁུལ་དམག་འཐབ། ཕྱོགས་བསྡུས་ནང་སྦྱོང་སོགས་ཚུད་པའི་དམིགས་བསལ་ཉེན་རྟོག་པའི་འཐབ་རྩལ་གྱི་འབྲེལ་ཡོད་སྦྱོང་བརྡར་བྱས་པ་རེད། དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་སྦྱོང་བརྡར་ནང་ཞུགས་པའི་མི་དམངས་ཉེན་རྟོག་པ་དང་། རྩལ་འགྲན་གཅིག་སྡུད་སྦྱོང་བརྡར་རུ་མི། དེ་བཞིན་འབྲེལ་ཡོད་ཚན་ཁག་གི་མི་དམངས་ཉེན་རྟོག་པ་བཅས་མི་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་དཔོན་གཞོན་པ་ལི་པོ་ཡིས“དྲག་ཆས་ཆ་ཚང་པོ་སྤྲས་པ་དང་། ལམ་ཐག་རིང་བ། སྒྲིག་གཞི་ཆགས་པ་བཅས་ཀྱི་རི་ཐང་དྲག་ཆས་སྦྱོང་བརྡར་བྱས་པ་བརྒྱུད‘དངོས་འཐབ་ལ་བརྟེན་ནས་འཕྲལ་སྡོམ་གདོང་ལེན་པ་གཏོད་པ་དང་འགན་འཁྲི་ལག་ལེན་བསྟར་ནས་ས་མཐོའི་དམག་ཧྲག་སྐྱོང་བའི’དམིགས་ཡུལ་མངོན་འགྱུར་བྱུང་ཡོད”ཅེས་བཤད།
དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རེས་སྐོར་གསོ་སྦྱོང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཕུར་བུས“ད་ཐེངས་ཀྱི་རི་ཐང་དྲག་ཆས་སྦྱོང་བརྡར་བྱས་པ་བརྒྱུད་ས་མཐོའི་རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་ཀྱི་རང་ཉིད་ཀྱི་དམག་འཐབ་ནུས་པ་དང་འཕྲོད་ནུས་ཆེ་རུ་ཕྱིན་སོང་། ད་ཐེངས་ཀྱི་བྱེད་སྒོའི་ནང་ང་ཚོ་རུ་མི་ཚོས་ཕན་ཚུན་རོགས་སྐྱོར་དང་། རྡོག་རྩ་གཅིག་སྒྲིལ། དཀའ་སྡུག་ལ་མི་སྐྲག་པ་བཅས་བྱས་ནས‘ཁྲག་དང་རྔུལ་ཆུ་དོན་ཀྱང་མིག་ཆུ་མི་ཤོར་བ་དང་དཀའ་ཚེགས་ཆེ་ཡང་ཕྱིར་འཐེན་མི་བྱེད་པའི’སྙིང་སྟོབས་དར་སྤེལ་བཏང་ཡོད། དེ་དང་ཆབས་ཅིག ངས་རང་ཉིད་ཀྱི་མི་འདང་བའི་ཆའང་ཤེས་རྟོགས་ཐུབ་བྱུང་། གོམ་སྟབས་རྗེས་མར་ངས་རང་ཉིད་ལ་རེ་བ་ནན་པོ་བཏོན་ནས་སྦྱོང་བརྡར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ། རང་ཉིད་ཀྱི་དམག་འཐབ་ནུས་པ་སྔར་བས་ཆེ་རུ་གཏོང་གི་ཡིན”ཞེས་བཤད།
ད་ཐེངས་ཀྱི་རི་ཐང་དྲག་ཆས་སྦྱོང་བརྡར་བྱས་པ་བརྒྱུད་དམིགས་བསལ་ཉེན་རྟོག་རུ་མིའི་གཟུགས་པོའི་བྱང་ཚད་ལ་སྦྱོང་བརྡར་ཐེབས་པ་མ་ཟད། ཁོང་ཚོའི་བློ་སྟོབས་ལའང་ཞུན་བརྡར་ཐེབས་པ་དང་། ད་དུང་དཔུང་ཁག་གི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ནུས་པ་ཆེ་རུ་ཕྱིན་ནས་ལྷ་ས་སྤྱི་བདེའི་དམིགས་བསལ་ཉེན་རྟོག་པའི་དངོས་འཐབ་ཀྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།