ས་བབ་མཐོ་ཚད་སྨི་4523སར་མང་ཚོགས་མྱུར་སྐྱོབ་བྱས་པ།
ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་119ཡི་བཀོད་འདོམས་ལྟེ་གནས་སུ་སྤྱི་བདེ་ཉེན་རྟོག་པས་སྙན་སེང་བྱས་པའི་སྣེའུ་ཁུལ་གསར་བྲག་མགོ་གྲོང་ཚོའི་རྒྱབ་རིར་མི་ཞིག་གིས་རི་འགོར་འཛེགས་ཏེ་ཉེན་ཁའི་གནས་སུ་གྱར་ཡོད་པ་དང་། དེ་གར་གནམ་གཤིས་གྲང་བས་མགྱོགས་པོ་རོགས་སྐྱོབ་བྱེད་དགོས་པའི་ཉེན་བརྡ་འབྱོར་བ་རེད། ཉེན་བརྡ་འབྱོར་རྗེས་བཀོད་འདོམས་ལྟེ་གནས་ཀྱིས་འཕྲལ་མར་རྒྱལ་ཁབ་རི་མཐོའི་རོགས་སྐྱོབ་ལྷ་ས་རུ་ཆེན་གྱི་མི་8དང་རླངས་འཁོར་2 དེ་བཞིན་ཉིང་ལག་རུ་ཁག་གི་ཆ་འཕྲིན་ཤར་གཏོང་ཁྲུའུ་དང་དམག་འཐབ་སྦྱོང་བརྡར་ཁྲུའུ་ཡི་འབྲེལ་ཡོད་མི་སྣ་ས་གནས་ས་ཐོག་ཏུ་རོགས་སྐྱོབ་བྱེད་པར་མངགས་པ་རེད། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་བཀྲ་ཤིས་རྒྱལ་མཚན་དང་ཉིང་ལག་རུ་ཁག་གི་རུ་དཔོན་གཞོན་པ་དབང་གྲགས་ཀྱིས་ཉིང་ལག་རུ་ཁག་གི་བཀོད་འདོམས་ལྟེ་གནས་སུ་རོགས་སྐྱོབ་བྱ་སྤྱོད་སྤེལ་བར་མགོ་ནས་མཇུག་བར་བཀོད་གཏོང་བྱས་པ་རེད།
འདི་ནི་རོགས་སྐྱོབ་བྱ་ཡུལ་ཡིན་པ།
ཤེས་རྟོགས་བྱུང་བར་གཞིགས་ན། རོགས་སྐྱོབ་བྱེད་པའི་ལམ་བར་དུ་རྒྱལ་ཁབ་རི་མཐོའི་རོགས་སྐྱོབ་ལྷ་ས་རུ་ཆེན་གྱི་རོགས་སྐྱོབ་མི་སྣས་ཉེན་གྱར་མི་སྣ་དང་དུས་ཐོག་ཏུ་འབྲེལ་གཏུག་བྱས་ནས་ཁོང་ལ་དངས་སྐྲག་བྱེད་མི་དགོས་པའི་ཁ་ཏ་བྱས་པ་དང་འབྲེལ་ཉེན་གྱར་མི་སྣའི་ལག་ཐོགས་ཁ་པར་བརྒྱུད་གནས་སའི་ཁ་ཕྱོགས་གཏན་འཁེལ་བྱས་པ་རེད། དགོང་དྲོའི་ཆུ་ཚོད་21དང་སྐར་མ་28ཐོག་རོགས་སྐྱོབ་མི་སྣ་སྣེའུ་ཁུལ་གསར་བྲག་མགོ་གྲོང་ཚོའི་རྒྱབ་རིར་སླེབས་པ་དང་། ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་དང་120ཡི་སྨན་དོན་མི་སྣ་དང་མཉམ་དུ་ས་གནས་ས་ཐོག་གི་བཀོད་འདོམས་པུའུ་འཕྲལ་མར་བཙུགས་ཏེ་རོགས་སྐྱོབ་ཇུས་གཞིར་གྲོས་བསྡུར་བྱས་པ་རེད། འཕྲིན་གཏོང་འགན་ལེན་ཚོགས་ཆུང་གིས་ཉེན་གྱར་མི་སྣ་དང་ཁ་པར་ནས་འབྲེལ་གཏུག་བྱས་པ་དང་མི་མེད་གནམ་གྲུས་མཁའ་དབྱིངས་སུ་མྱུལ་ཞིབ་བྱས་པས་ཆུ་ཚོད་22དང་སྐར་མ་33ཐོག་ཉེན་གྱར་མི་སྣའི་ཞིབ་ཕྲའི་གནས་ས་ཤེས་རྟོགས་བྱུང་བ་རེད།
ཆུ་ཚོད་22དང་སྐར་མ་51ཐོག་ས་གནས་ས་ཐོག་གི་བཀོད་འདོམས་པུས་བྲག་མགོ་གྲོང་ཚོའི་ཚོན་ཀྲང་གིས་ལམ་སྣེ་འཁྲིད་མཁན་གྱི་འགན་འཁུར་རྒྱུ་དང་མི་8ལས་གྲུབ་པའི་འཚོལ་སྐྱོབ་ཚོགས་ཆུང་རི་མགོར་འཚོལ་སྐྱོབ་བྱེད་པར་གཏོང་རྒྱུའི་གཏན་འཁེལ་བྱས་པ་རེད། དེ་དང་ཆབས་ཅིག གཉེར་སྐྱོང་ཚོང་པ་དང་མཉམ་འགུལ་གྱིས་ཉེན་གྱར་མི་སྣའི་ལག་ཐོགས་ཁ་པར་གྱི་བརྡ་རྟགས་སྦྲེལ་ཚུགས་གཏན་འཁེལ་བྱས་ནས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་ཆུང་དུ་བཏང་བ་རེད། ས་གནས་ས་ཐོག་གི་བཀོད་འདོམས་པུས་རོགས་སྐྱོབ་རམ་འདེགས་མཉེན་ཆས་སྤྱད་ནས་འཚོལ་སྐྱོབ་དཔུང་ཁག་དང་ས་གནས་ས་ཐོག་གི་བཀོད་འདོམས་པུའི་ལམ་ཐིག་གཏན་འཁེལ་དང་ལྟ་སྐུལ་ཚོད་འཛིན་བྱས་པ་དང་འབྲེལ། རྐྱང་དམག་ཕྱོགས་བསྡུས་གནས་ཐིག་གཏན་འཁེལ་མ་ལག་གི་སྒྲིག་ཆས་སྤྱད་དེ་རོགས་སྐྱོབ་རུ་མི་གནས་ས་དང་སྐྱོད་སའི་ལམ་ཐིག་ལ་དུས་ཐོག་ཏུ་ལྟ་ཞིབ་ཚོད་འཛིན་བྱས་པ་རེད། མི་མེད་གནམ་གྲུས་རོགས་སྐྱོབ་རུ་མིར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་ཆབས་ཅིག ཁ་པར་བརྒྱུད་རྒྱབ་མདུན་ཕྱོགས་ཀྱི་འབྲེལ་གཏུག་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ནས་འགྲོ་སྐྱོད་བདེ་འཇགས་འགན་ལེན་བྱས་པ་རེད།
རོགས་སྐྱོབ་རུ་ཁག་གིས་རི་འགོར་འཚོལ་སྐྱོབ་བྱེད་རིང་ས་གནས་ས་ཐོག་གི་བཀོད་འདོམས་པུས་དུས་ཐོག་ཏུ་ས་གནས་ས་ཐོག་གི་མི་དམངས་ཉེན་རྟོག་པ་དང་120ཡི་སྨན་དོན་མི་སྣ་དང་གནས་ཚུལ་སྐོར་ལ་ཞིབ་འཇུག་ཞིབ་བསྡུར་བྱས་ནས་ལག་ཐོགས་ཁ་པར་གྱི་ཨང་གྲངས་བརྒྱུད་ཉེན་གྱར་མི་སྣའི་ཐོབ་ཐང་གཏན་འཁེལ་བྱས་ཏེ་ནང་མི་དང་འབྲེལ་བ་བྱས་པ་དང་། ཉེན་གྱར་མི་སྣར་སེམས་གསོ་གཏོང་ཆེད་ཆ་འཕྲིན་ནུས་ལྡན་མཁོ་འདོན་བྱས་པ་རེད། 120སྨན་དོན་མི་སྣས་ཉེན་གྱར་མི་སྣའི་ཁ་པར་ནས་བཤད་པའི་གཟུགས་པོའི་གནས་ཚུལ་ལ་གཞིགས་ནས་ཁ་པར་བརྒྱུད་རོགས་སྐྱོབ་རུ་ཁག་ལ་མྱུར་སྐྱོབ་བྱེད་སྟངས་དང་བྱ་ཐབས་བཤད་པ་རེད། དགོང་མོའི་ཆུ་ཚོད་0དང་སྐར་མ་35ཡི་ཐོག་རོགས་སྐྱོབ་མི་སྣར་ཉེན་གྱར་མི་སྣ་བདེ་བླག་ངང་རྙེད་པ་དང་འབྲེལ་སྐྱོབ་བཅོས་རགས་ཙམ་བྱས་རྗེས་རི་ནས་མར་ཁྲིད་པ་རེད། ཆུ་ཚོད་2དང་སྐར་མ་33གྱི་རོགས་སྐྱོབ་མི་སྣས་སྨན་དོན་མི་སྣ་དང་དེ་བཞིན་ས་གནས་ས་ཐོག་གི་མི་དམངས་ཉེན་རྟོག་པར་ཉེན་གྱར་མི་སྣ་བདེ་བླག་ངང་རྩིས་སྤྲད་པ་རེད།