འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ཧུར་ཐག་བྱེད་པ།
འདི་ནི་རྒྱ་ཚ་རྫོང་སྤྱི་བདེ་ཅུས་རྫམ་གློག་ཁང་གི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་གླ་ཆ་འགྱངས་ཆད་ཀྱི་རྩོད་གཞི་འདུམ་འགྲིག་བྱེད་བཞིན་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཀྱིས་དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། ཁྲིམས་སྐྱོང་སྟོབས་ཤུགས་ལ་གང་ལེགས་བརྟེན་པ། ཐབས་ལམ་སྣ་མང་རྒྱ་ཆེར་གཏོང་བ། འགལ་ཟླ་དང་རྩོད་གཞི་བཅོས་སྒྲིག་བྱེད་རྒྱ་ཆེ་རུ་གཏོང་བ། ཐབས་ལམ་མང་པོ་ནས་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་གི་ལམ་སྲོལ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ་རེད།
ཟླ་3ཚེས་14ཉིན་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ཚེ་བཟང་གི་འདུམ་འགྲིག་རོགས་རམ་འོག ངར་རབ་གྲོང་རྡལ་ལ་སྒང་གྲོང་ཚོའི་ཁ་ལོ་བ་པ་ཆེ་གེ་མོ་སོགས་མི་7ལ་འགྱངས་ཆད་བྱས་པའི་བདལ་གླ་སྒོར་31000རག་པ་རེད། “མི་དམངས་ཉེན་རྟོག་པས་མཚན་མོ་དེ་རང་དུ་འདུམ་འགྲིག་བྱས་པས་ཆུ་ཚོད་གཉིས་ཀྱང་མ་འགོར་བར་ང་ཚོའི་སེམས་ནད་བསལ་སོང”ཞེས་པ་ཆེ་གེ་མོས་བཤད།
ལོ་གཅིག་གོང་གི་2022ལོའི་ཟླ་གསུམ་པར་པ་ཆེ་གེ་མོ་དང་ལ་སྒང་གྲོང་ཚོའི་གྲོང་མི་གཞན་དག་6གིས་ཟོག་འདྲེན་རླངས་འཁོར་རུ་ཁག་བཙུགས་ཏེ། ཨར་པོའི་ལས་ཡུལ་ཞིག་ཏུ་བྱེ་རྡོ་ཐེངས་500ལྷག་ཙམ་དབོར་པ་རེད། ལོ་གཅིག་གི་རིང་ཁོ་ཚོས་ལས་གྲྭའི་སྦྱིན་བདག་བཙལ་ནས་བདལ་གླ་ལེན་ཐབས་ཐེངས་མང་བྱས་ཀྱང་རག་མེད། 2023ལོའི་ཟླ་3ཚེས་13ཉིན་གྱི་དགོང་མོའི་ཆུ་ཚོད་11ཙམ་ལ་པ་ཆེ་གེ་མོ་སོགས་ཀྱིས་ངར་རབ་གྲོང་རྡལ་མངགས་གཏོང་ཁང་དུ་རོགས་སྐྱོར་རེ་ཞུར་བསྐྱོད། ཚེ་བཟང་དང་ལས་རེས་མི་དམངས་ཉེན་རྟོག་པ་རྒྱ་མཚོ་གཉིས་ཀྱིས་འཕྲལ་དུ་གནས་ཚུལ་ཤེས་རྟོགས་བྱས་ནས་ཕྱོགས་གཉིས་ཀ་བསྐོངས་ནས་འདུམ་འགྲིག་བྱས་ཏེ་དུས་ཐུང་ནང་པ་ཆེ་གེ་མོ་སོགས་ཀྱི་གླ་ཆ་འགྱངས་ཆད་ཀྱི་རྩོད་གཞི་ཐག་གཅོད་བྱས་པ་རེད།
ཟླ་3ཚེས་14ཉིན་རྒྱ་ཚ་རྫོང་ལྷ་གསོལ་ཤང་ཕྱུགས་བབས་གྲོང་ཚོའི་གྲོང་མི་ཚེ་ཆེ་གེ་མོས། 2021ལོར་ངས་ལས་ཡུལ་དུ་སྒྲིག་བཟོའི་ལས་ཀ་བྱས་པའི་གླ་ཆ་ད་དུང་སྒོར་700རག་མ་བྱུང་། སྦྱིན་བདག་ཀྲུང་ལགས་དང་འབྲེལ་བ་བྱེད་ཐབས་བྲལ་བས་མི་དམངས་ཉེན་རྟོག་པར་རོགས་སྐྱོར་རེ་ཞུ་བྱེད་པར་ཡོང་བ་ཡིན་ཞེས་བཤད། གནས་ཚུལ་ཤེས་རྟོགས་བྱུང་རྗེས་མི་དམངས་ཉེན་རྟོག་པས་མཐར་རྣམ་གྲངས་ཨར་སྐྲུན་བྱེད་མཁན་འདེད་པས་གླ་ཆ་འགྱངས་ཆད་ཀྱི་རྩོད་གཞི་མཐུན་སྦྱོར་ཐག་གཅོད་ཐུབ་པ་དང་ཨར་སྐྲུན་ཕྱོགས་ཀྱིས་ས་གནས་ས་ཐོག་ཏུ་དངུལ་རྣམས་སྤྲད་པ་རེད།
དོན་ཆུང་གྲོང་ཚོ་ནས་ཐག་གཅོད་ཐུབ་པ་དང་དོན་ཆེན་གྲོང་རྡལ་ནས་ཐག་གཅོད་ཐུབ་པར་སྐུལ་འདེད་བཏང་སྟེ། འགལ་བ་གཞི་རིམ་དུ་ཐག་གཅོད་ཐུབ་པ་བྱེད་རྒྱུ་ནི་ཉེ་བའི་ལོ་ཤས་རིང་རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཀྱིས་དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”ལག་ལེན་བསྟར་བ་དང་འགལ་ཟླ་དང་རྩོད་གཞི་ཆུང་དུས་ནས་ཐག་གཅོད་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པས་ཁོངས་གཏོགས་ཁུལ་གྱི་མི་སེར་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཕྱིན་ཡོད་པ་རེད།