དབུ་ཤོག>ཁྲིམས་ལུགས།
  • གསེར་རྙེད་ཀྱི་སྤྱི་བདེས་གློག་འཕྲིན་ནས་ཁ་བསླུས་བརྒྱབ་པའི་དངུལ་སྒོར་ཁྲི་7.5ལྷག་ཙམ་ཚུར་བླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    2023ལོའི་ཟླ་3ཚེས་10ཉིན། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྲེ་ཅང་ལམ་མངགས་གཏོང་ཁང་གི་ཁོངས་གཏོགས་ཁུལ་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཨང་13པར་ཁོངས་གཏོགས་ཁུལ་གྱི་ཚོང་པ་ཀའོ་ཆེ་གེ་མོས་གོས་དར་ཕུལ་ནས། རང་ཉིད་ལ་དཔལ་འབྱོར་གྱི་གྱོང་གུན་མི་ཕོག་པར་བྱས་པར་མི་དམངས་ཉེན་རྟོག་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    གོས་དར་དེའི་རྒྱབ་ཀྱི་གཏམ་རྒྱུད་ནི་ཀའོ་ཆེ་གེ་མོར་འཁྱུག་དབྱིངས་ཞབས་ཞུ་བར་བརྫུས་པ་ཞིག་གིས་བཏང་བའི་ཁ་བསླུས་ཀྱི་ཁ་པར་ནས་གླེང་དགོས་ཏེ། 2022ལོའི་ལོ་མཇུག་ལ་ཀའོ་ཆེ་གེ་མོས་འཁྱུག་དབྱིངས་ལས་སྟེགས་ནས་དྲ་ཞུགས་གཱ་ཞིག་ཉོས་པ་དང་། ཚོང་ཟོག་འབྱོར་རྗེས་ཐོན་རྫས་ཀྱི་སྤུས་ཚད་ལ་སྐྱོན་ཡོད་པ་ཤེས་ནས་འཁྱུག་དབྱིངས་ལས་སྟེགས་བརྒྱུད་ཐོན་རྫས་ཀྱི་སྤུས་ཀའི་གནད་དོན་ཞུ་གཏུག་བརྒྱབ་པ་མ་ཟད་ཐག་གཅོད་ཀྱི་འབྲས་བུ་བསྒུགས། 2023ལོའི་ཟླ་3ཚེས་9ཉིན། ཀའོ་ཆེ་གེ་མོར་འཁྱུག་དབྱིངས་ལས་སྟེགས་ཀྱི་ཞབས་ཞུ་བ་ཡིན་ཟེར་བའི་ཁ་པར་རྒྱུས་མེད་ཞིག་འབྱོར། ཕ་རོལ་པོ་དེས་ཀའོ་ཆེ་གེ་མོར་དེ་སྔོན་འཁྱུག་དབྱིངས་ལས་སྟེགས་ནས་ཉོས་པའི་དྲ་ཞུགས་གཱ་ལ་ཐོན་རྫས་ཀྱི་སྐྱོན་ཡོད་པ་དང་། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྐྱིན་ཚབ་སྤྲོད་དགོས་པས“ཀྲུ་མུ”APPཕབ་ལེན་བྱས་ཏེ་ཚད་ལྡན་གྱི་དངུལ་ཕྱིར་སློག་གི་བརྒྱུད་རིམ་སྒྲུབ་དགོས་ལུགས་བཤད། “ཞབས་ཞུ་བ”དེས་ཁོ་རང་གི་ཅ་དངོས་ཉོས་པའི་ཆ་འཕྲིན་གསལ་པོར་བཤད་པར་བརྟེན་ཀའོ་ཆེ་གེ་མོས་ངོ་མ་རེད་སྙམ། དེ་རྗེས་ཀའོ་ཆེ་གེ་མོས་ཁོ་པས་བཤད་པ་བཞིན་ཕབ་ལེན་བྱས་པ་དང་འབྲེལ་ཕ་རོལ་པོའི་རེ་བ་ལྟར་དངུལ་འབྱོར་སའི་དངུལ་ཁང་གི་རྩིས་ཐོ་དང་ར་སྤྲོད་ཨང་ཀི་སོགས་ཀྱི་ཆ་འཕྲིན་བརྒྱངས། ཡུད་ཙམ་མ་སོང་བར་ཀའོ་ཆེ་གེ་མོར་དངུལ་ཁང་གི་ཆ་འཕྲིན་ཞིག་འབྱོར་བའི་ནང་གཱ་ནང་གི་དངུལ་མེད་པ་དྲན་སྐུལ་བྱེད་སྐབས་གཞི་ནས་ཀའོ་ཆེ་གེ་མོས་རང་ལ་ཁ་བསླུས་ཐེབས་པ་ཤེས་ནས་ལམ་སེང་སྙན་སེང་ཞུས་པ་རེད།

    སྙན་སེང་འབྱོར་རྗེས། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་རེས་མི་དམངས་ཉེན་རྟོག་པས་དེ་ནི་ལས་སྟེགས་ཀྱི་ཞབས་ཞུ་བར་བརྫུས་པའི་ཁ་བསླུས་གྱོད་གཞི་ཞིག་ཡིན་པ་གཏན་འཁེལ་བྱས་ཏེ་འཕྲལ་མར་གནས་ཚུལ་དེ་གསེར་རྙེད་ཆུས་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་སྙན་སེང་ཞུས་པ་དང་། ཁ་བསླུས་ངོ་རྒོལ་མི་དམངས་ཉེན་རྟོག་པའི་མཛུབ་ཁྲིད་འོག་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཀའོ་ཆེ་གེ་མོ་དང་མཉམ་དུ་ཐག་ཉེ་སའི་དངུལ་ཁང་ལ་བློ་འདྲི་བྱེད་དུ་སོང་བ་ན། གཱ་ནང་གི་དངུལ་སྒོར་ཁྲི་7.5ལྷག་ཙམ་ཁ་བསླུས་རྒྱག་མཁན་གྱིས་ཨ་སྒོར་དུ་བརྗེས་ཟིན་ནའང་གཞན་དུ་སྒྱུར་ལོང་བྱུང་མེད་པ་ཤེས་འཕྲལ་མི་དམངས་ཉེན་རྟོག་པའི་འབད་བརྩོན་ལྷོད་མེད་དང་དངུལ་ཁང་གི་ལས་དོན་པའི་གཞོགས་འདེགས་འོག་ཨ་སྒོར་ཚང་མ་མི་དམངས་དངུལ་སྒོར་ལ་བརྗེ་བའི་ལས་སྒོ་བདེ་བླག་ངང་གཉེར་ནས་སྒོར་ཁྲི་7.57ཚུར་རག་པས། ཀའོ་ཆེ་གེ་མོར་དཔལ་འབྱོར་གྱི་གྱོང་གུན་ཕོག་མེད་པ་རེད།

    གསེར་རྙེད་ཆུས་ཀྱི་ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། གང་བྱུང་དུ་མི་རྒྱུས་མེད་ཀྱིས་བསྐུར་ཡོང་བའི་དྲ་ཚིགས་དང་རྩ་གཉིས་ཨང་རྟགས་གནོན་མི་རུང་ལ། དྲ་ཚིགས་གང་བྱུང་དུ་དངུལ་ཁང་གཱའི་རྩིས་ཐོ་དང་གསང་གྲངས་དང་དེ་བཞིན་ར་སྤྲོད་ཨང་ཀི་སོགས་ཀྱི་ཆ་འཕྲིན་དེ་བས་རྒྱོང་མི་རུང་། གལ་ཏེ་ཁ་བསླུས་ཀྱི་གནས་ཚུལ་ཕྲད་ན་ལམ་སེང་སྙན་སེང་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།