ལས་རྨས་འགན་བཅོལ་ཐོབ་ཐང་གི་རྩོད་གཞིའི་གྱོད་གཞི་ཞིག་ཁྲིམས་ལྟར་དཔྱད་མཚམས་བསྒྱུར་བ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རིམ་བཞིའི་ཁྲིམས་ཁང་གི་འདྲི་གཅོད་རིམ་པའི་འགན་ནུས་ཀྱི་ངེས་གནས་སྒྱུར་བཅོས་ཀྱི་བླང་བྱ་གཞིར་བཟུང་། འབྲིང་རིམ་ཁྲིམས་ཁང་གི་འདྲི་གཉིས་མཐའ་བསྒྲིལ་བ་དང་། སྐར་གྲངས་བཀོད་དེ་རྩོད་གཞི་སེལ་བའི་ནུས་པ། ཁྲུན་གཅོད་བཅས་ཀྱི་དྲང་ཕྱོགས་ཁྲིད་སྟོན་དང་མཛུབ་ཁྲིད་ནུས་པ་གང་ལེགས་བཏོན་ནས་ངལ་རྩོལ་རྩོད་གཞི་འདུམ་གཅོད་བྱས་རྗེས་ཞུ་གཏུག་བརྒྱབ་པའི་ལས་རྨས་འགན་བཅོལ་ཐོབ་ཐང་གི་རྩོད་གཞིའི་གྱོད་གཞི་ཞིག་ཁྲིམས་ལྟར་དཔྱད་མཚམས་བསྒྱུར་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱི་ཆུ་བཟོ་གྲྭ་ཞིག་དང་དབྱང་ཆེ་གེ་མོའི་དབར་གྱི་ལས་རྨས་འགན་བཅོལ་ཐོབ་ཐང་གི་རྩོད་གཞིའི་གྱོད་གཞི་དེ་ཆབ་མདོ་གྲོང་ཁྱེར་ངལ་རྩོལ་མི་དོན་རྩོད་གཞི་འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་འདུམ་གཅོད་བྱས་པ་བརྒྱུད། ཆུ་བཟོ་གྲྭ་དེས་དབྱང་ཆེ་གེ་མོར་ཁ་གསབ་དངུལ་སྒོར་ཁྲི་10ལྷག་ཙམ་སྤྲོད་དགོས་པའི་ཁྲུན་ཐག་བཅད་པ་རེད། བཟོ་གྲྭ་དེས་ཁྲུན་ཐག་དང་ལེན་མ་བྱས་པར་ཞུ་གཏུག་བརྒྱབ་སྟེ་ཆུ་བཟོ་གྲྭས་ལས་རྨས་འགན་བཅོལ་ཐོབ་ཐང་སྤྲོད་འགན་འཁུར་མི་དགོས་པའི་དཔྱད་མཚམས་བཀའ་རྒྱ་ཁྲིམས་ལྟར་གཏོང་རྒྱུའི་རེ་བ་བཏོན། འདྲི་གཅོད་དང་པོའི་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད་ཆུ་བཟོ་གྲྭར་ལས་རྨས་འགན་བཅོལ་ཐོབ་ཐང་སྤྲོད་པའི་འགན་འཁྲི་ཡོད་པའི་ངོས་འཛིན་བྱས་ནས་ཆུ་བཟོ་གྲྭའི་ཞུ་གཏུག་རེ་འདུན་ཕྱིར་སློག་རྒྱུའི་དཔྱད་ཁྲ་བཏང་། ཆུ་བཟོ་གྲྭས་སླར་ཡང་དང་དུ་མ་བླངས་པར་རིམ་པ་གོང་མར་ཞུ་གཏུག་བརྒྱབ་སྟེ་འདྲི་གཅོད་གཉིས་པའི་ཁྲིམས་ཁང་ལ་འདྲི་གཅོད་དང་པོའི་དཔྱད་མཚམས་རྩིས་མེད་དུ་གཏོང་རྒྱུ་དང་། ཆུ་བཟོ་གྲྭས་འགན་འཁྲི་འཁུར་མི་དགོས་པའི་དཔྱད་མཚམས་བསྒྱུར་རྒྱུའི་རེ་བ་བཏོན།
ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་གཉིས་པའི་གྱོད་གཞི་མཉམ་གྲོས་ཁྲིམས་རས་ཞིབ་གཅོད་བྱས་པ་བརྒྱུད། བཟོ་གྲྭ་དེའི་གོང་གཏུག་རེ་ཞུ་ལུགས་དང་མཐུན་མེད་མོད། འོན་ཀྱང་འདྲི་གཅོད་དང་པོའི་དཔྱད་མཚམས་ནང་དངུལ་སྤྲོད་དགོས་པའི་ནང་དོན་མེད་པས། གལ་ཏེ་འདྲི་གཅོད་དང་པོའི་དཔྱད་མཚམས་རྒྱུན་འཁྱོངས་བྱས་ན། ངལ་རྩོལ་པས་འདྲི་གཅོད་གཉིས་པའི་ནུས་ཐོན་དཔྱད་མཚམས་ནང་དངུལ་སྤྲོད་དགོས་པའི་ནང་དོན་ཞིབ་ཕྲ་མེད་པའི་དབང་གིས་དངུལ་ལེན་ཐབས་བྲལ་བར་གྱུར་སྲིད་པའི་ངོས་འཛིན་བྱས་པ་རེད།
གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་སླད་ཕྱིན་གྱི་འདྲི་གཅོད་ལས་དོན་ཁྲོད་དུ་བཅའ་ཁྲིམས་བཀོལ་སྤྱོད་དང་ཁྲུན་གཅོད་ཚད་གཞི་གཅིག་གྱུར་བྱེད་པར་མཛུབ་ཁྲིད་སྔར་ལས་ལེགས་པ་བྱེད་ཆེད། འདྲི་གཅོད་གཉིས་པའི་གྱོད་གཞི་མཉམ་གྲོས་ཁྲིམས་རས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་འཛིན་འགྲེལ་བཤད་ཞིབ་ཀློག་དང་སློབ་སྦྱོང་ནན་ཏན་བྱེད་པ་དང་། རིགས་འདྲའི་གྱོད་གཞི་དཔྱད་འཚོལ་ལམ་སྲོལ་གྱི་ནུས་པ་གང་ལེགས་འདོན་པ། ནང་སའི་ཁྲིམས་ཁང་གི་བྱང་དུ་ཆུབ་པའི་འདྲི་གཅོད་ཉམས་མྱོང་དཔྱད་གཞིར་ཧུར་ཐག་འཛིན་པ་བཅས་བྱས་ཏེ། མཐར“ངལ་རྩོལ་རྩོད་གཞི་མཐའ་མཇུག་གི་ཁྲུན་གཅོད་བྱས་མེད་པས་མི་སྤྱོད་ཚན་པའམ་ཡང་ན་ངལ་རྩོལ་པས་ཞུ་གཏུག་བརྒྱབ་པར་བཅའ་ཁྲིམས་ཀྱི་ནུས་པ་ཐོན་གྱི་མེད། རྗེས་མཐུད་ཀྱི་གཏུག་བཤེར་དེ་ཕྱོགས་གང་ཞིག་ནས་ཞུ་གཏུག་བརྒྱབ་པ་དང་ཞུ་གཏུག་གི་རེ་འདུན་གང་ཞིག་བཏོན་རུང་། མི་དམངས་ཁྲིམས་ཁང་གིས་དོ་བདག་གིས་ངལ་རྩོལ་རྩོད་གཞིའི་འདུམ་གཅོད་ནང་བཏོན་པའི་འདུམ་གཅོད་རེ་ཞུ་གྲུབ་མིན་ལ་ཞིབ་གཅོད་དང་ཁྲུན་གཅོད་བྱེད་དགོས་པའི”ཞིབ་གཅོད་སྒྲིག་སྲོལ་ཁ་གསལ་བཟོས་པ་མ་ཟད། ཁྲིམས་ལྟར་གྱོད་གཞི་དེར་དཔྱད་མཚམས་བསྒྱུར་ཏེ་ཆུ་བཟོ་གྲྭས་དབྱང་ཆེ་གེ་མོར་བསྡོམས་ཁ་གསབ་དངུལ་སྒོར་ཁྲི་10ལྷག་ཙམ་སྤྲོད་དགོས་པའི་ཁྲིམས་ཐག་བཅད་དེ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།