དབུ་ཤོག>ཁྲིམས་ལུགས།
  • གླིང་ཕྲན་གཉིས་ཀྱི་ཁྲོམ་གཞུང་གིས་ལམ་བཟུང་ཚོང་གཉེར་བྱེད་སྤྱོད་ལ་བཅོས་སྒྲིག་ཤུགས་ཆེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    7bd9455b-d794-44ea-927c-ef8c6e276c79.jpg.jpg

    འདི་ནི་ཁྲིམས་སྒྱུར་མི་སྣས་གཙང་བཤེར་བཅོས་སྒྲིག་གི་ལས་དོན་སྤེལ་བཞིན་པ།

    ལམ་བཟུང་ཚོང་གཉེར་བྱེད་པ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཀྱི་ཁྲོམ་གཞུང་དུ་ཡུན་རིང་གནས་པའི་གནད་དོན་ཞིག་རེད། ལྷག་པར་དུ་ཉི་འོད་གླིང་ཕྲན་དུ་མེ་ཏོག་དང་འདབ་ཆགས་ཀྱི་ཁྲོམ་ར་དང་། ཚོང་ཟོག་ཙག་ཙིག་སྡེབ་ཚོང་ཁྲོམ་ར། ཁྱིམ་ཆས་རྙིང་པའི་ཁྲོམ་ར་བཅས་ཡོད་པས། ཚོང་དུད་མི་ཉུང་བ་ཞིག་གི་ཚོང་གཉེར་གཞི་ཁྱོན་ཇེ་ཆེར་སོང་བ་དང་ཆབས་ཅིག་ཚོང་ཟོག་ཐད་ཀར་ཚོང་ཁང་ཕྱི་རོལ་དུ་བཞག་རྐྱེན་ཉེ་འགྲམ་གྱི་གྲོང་མིའི་འཚོ་བ་དང་། གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན། གྲོང་ཁྱེར་གྱི་འགྲིམ་འགྲུལ་བཅས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་གླིང་ཕྲན་གཉིས་ཀྱི་རུ་ཆེན་གྱིས་གླིང་ཕྲན་གཉིས་ཀྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་ཚོང་གཉེར་ཟང་ཟིང་གི་སྣང་ཚུལ་ལ་གཅིག་སྡུད་གཙང་བཤེར་དང་བཅོས་སྒྲིག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཙང་བཤེར་བཅོས་སྒྲིག་བྱ་སྤྱོད་སྤེལ་བའི་དུས་འགོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱི་གླིང་ཕྲན་གཉིས་ཀྱི་རུ་ཆེན་དང་གླིང་ཕྲན་གཉིས་ཀྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ཁོངས་གཏོགས་ཁུལ་གྱི་ཚོང་དུད་ཁག་ལ་དྲིལ་བསྒྲགས་ཧུར་ཐག་བྱས་ནས་བསམ་བློའི་སྐུལ་སློང་ལས་དོན་ཡག་པོ་བསྒྲུབས་ཏེ་ཚོང་དུད་ལ་བཅོས་སྒྲིག་བྱེད་དུ་བཅུག་མོད། ཚོང་དུད་མང་ཆེ་བས་སྟེས་དབང་གི་བསམ་བློ་བཅངས་རྐྱེན། ཟླ་3ཚེས་6ཉིན་ནས་ཟླ་3ཚེས་9ཉིན་བར་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་གླིང་ཕྲན་གཉིས་ཀྱི་རུ་ཆེན་གྱིས་གླིང་ཕྲན་གཉིས་ཀྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་མཉམ་དུ་ཁ་ཏ་བསླབ་བྱ་གཙོ་བོར་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ལམ་བཟུང་ཚོང་གཉེར་དང་གང་བྱུང་དུ་ཁྲོམ་འདོན་པར་གཅིག་སྡུད་གཙང་བཤེར་དང་བཅོས་སྒྲིག་བྱས་པ་རེད།

    ཉི་འོད་གླིང་ཕྲན་གྱི་མེ་ཏོག་དང་འདབ་ཆགས་ཀྱི་ཁྲོམ་ར་ནི་ལྷ་སའི་མེ་ཏོག་དང་འདབ་ཆགས་ཀྱི་ཁྲོམ་ར་ཆེ་ཤོས་ཡིན་ལ། མེ་ཏོག་ཚོང་ཁང་མང་ཆེ་བས་མེ་ཏོག་གི་ཁོག་མ་ཕྱི་རོལ་ཏུ་འཇོག་པ་མ་ཟད། མེ་ཏོག་གི་ས། རྫས་ལུད་སོགས་མི་བགྲོད་ལམ་དུ་སྤུངས་པས། ཁོར་ཡུག“བཙོག་ཟིང་ཞན་གསུམ”ལ་འགྱུར་བ་དང་། མི་དང་རླངས་འཁོར་ཤར་བགྲོད་ལ་འགོག་རྐྱེན་བཟོ་བ་དང་ད་དུང་ཚོང་དུད་ཀྱིས་འཛད་སྤྱོད་པའི་ཡིད་དབང་འགུག་ཆེད་སྤྱི་པའི་ས་ཁོངས་ཀྱི་གྱང་ལྡེབས་སུ་སྦྱར་ཡིག་དང་རྒྱ་ཁྱབ་བརྡ་སྦྱོར་སྦྱར་བས་ཁྲོམ་ར་ཡོངས་ཟང་ཟིང་བཟོས་ཡོད། ད་ཆ་བཅོས་སྒྲིག་བྱས་པ་བརྒྱུད། མིག་སྔར་མེ་ཏོག་དང་འདབ་ཆགས་ཀྱི་ཁྲོམ་ར་དེ་སྔོན་ཆད་དང་བསྡུར་ན་གཙང་སྦྲ་དོད་དུ་གྱུར་ཡོད།

    “ང་ཚོས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པ་དང་ཟུང་འབྲེལ་བྱས་ནས་གླིང་ཕྲན་གཉིས་ཀྱི་ཁྲོམ་གཞུང་དུ་ལམ་བཟུང་ཚོང་གཉེར་བྱེད་པའི་སྣང་ཚུལ་ལ་གཅིག་སྡུད་ཐོག་ཚད་ལྡན་བཅོས་སྒྲིག་བྱས་པར་ཕན་འབྲས་རགས་ཙམ་ཐོན་ཡོད། ལས་ཀའི་ཕན་འབྲས་འགན་ལེན་བྱ་ཆེད། གོམ་སྟབས་རྗེས་མར་ང་ཚོས་ཆེད་མི་བཀོད་སྒྲིག་བྱས་ནས་གཏན་འཁེལ་བྱས་པའི་ས་ཁོངས་ལ་རྟག་པར་སྐོར་ཞིབ་བྱས་ཏེ་ལམ་བཟུང་ཚོང་གཉེར་གྱི་སྣང་ཚུལ་བསྐྱར་དུ་མི་ཐོན་པར་བྱེད་ཀྱི་ཡིན”ཞེས་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་གླིང་ཕྲན་གཉིས་ཀྱི་རུ་ཆེན་གྱི་རུ་དཔོན་བསྟན་འཛིན་རྡོ་རྗེས་བཤད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་གཙང་བཤེར་བཅོས་སྒྲིག་བྱ་སྤྱོད་སྤེལ་རྗེས་གྲོང་ཁྱེར་དོ་དམ་སྡེ་ཚན་གྱིས་ཁྲིམས་སྒྱུར་མི་སྣ་མངགས་ནས་ཁྲོམ་གཞུང་འགྲམ་གྱི་ཚོང་ཁང་དང་ཁྲོམ་ར་ཁག་ལ་སྐོར་ཞིབ་བྱ་རྒྱུ་དང་། སྐོར་ཞིབ་བྱེད་རིང་ལམ་བཟུང་ཚོང་གཉེར་གྱི་སྣང་ཚུལ་ཤེས་རྟོགས་བྱུང་ཚེ་འབྲེལ་ཡོད་བྱེད་ཐབས་སྤྱོད་རྒྱུ་མ་ཟད། གྲོང་ཁྱེར་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་ཡང་གཅོད་རྒྱུ་ཡིན་པས། རྒྱ་ཆེའི་ཚོང་དུད་ཚོས་རང་རྟོགས་ངང་གྲོང་ཁྱེར་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་ཤེས་དཔལ་དང་ཚད་ལྡན་ངང་ཚོང་གཉེར་བྱེད་པའི་འབོད་སྐུལ་ཡང་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།