ཟླ་དང་པོ་དང་གཉིས་པར་རང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
ཉིན་ཤས་གོང་། གསར་འགོད་པས་ལྗོངས་ཡོངས་ཀྱི་བཟོ་ལས་་དཔལ་འབྱོར་དང་དེ་བཞིན་2023ལོའི་གཙོ་གནད་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ནས་ཤེས་རྟོགས་བྱས་པ་ལྟར་ན། འདི་ལོ་ནས་བཟུང་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཁོངས་གཏོགས་ཀྱིས་བཀོད་གཏོང་ཆེན་པོ་དང་། འགོ་འཛུགས་དམ་འཛིན། གོ་སྐབས་དམ་འཛིན་བཅས་བྱས་ནས་བཟོ་ལས་ཀྱི་དཔལ་འབྱོར་བརྟན་པོའི་ངང་ལས་འགོ་རྒྱུན་འཁྱོངས་ཚུགས་པ་རེད། ཟླ་དང་པོ་དང་གཉིས་པར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་20.7%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
2023ལོར་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཐོག“ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་10%ཡན་འཕར་བའི”ལོ་འཁོར་གྱི་དམིགས་ཚད་ལ་དམ་པོར་གཞིགས་ནས་འདི་ལོའི་གཙོ་གནད་ལས་དོན་སྔོན་ཚུད་ནས་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ། གཙོ་གནད་རྣམ་གྲངས་འགན་ལེན་དང་བཀོད་གཏོང་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ལྗོངས་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་ཐད་གོམ་པ་ཡག་པོ་སྤོ་བ་དང་འགོ་ཡག་པོ་འཛུགས་པར་སྐུལ་འདེད་བཏང་ཡོད། མིག་སྔར《བོད་རང་སྐྱོང་ལྗོངས་ཀྱི་ཡང་བའི་བཟོ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད(2023ལོ་ནས་2030ལོའི་བར)》བཟོ་བཞིན་ཡོད་པ་དང་། ས་མཐོའི་བྱེད་ནུས་མང་བའི་གཡོས་སྦྱོར་ཐབ་ཆས་ཁྱབ་གདལ་དང་བེད་སྤྱོད་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་མཛོད་འཇུག་ཁེ་ལས་སྐྱེད་སྲིང་དང་གཞི་ཁྱོན་ཆེ་རུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་སྒྲུབ་བཞིན་ཡོད་པ་རེད།
གསར་འགོད་པར་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་རང་ལྗོངས་ཀྱི་བཟོ་ལས་དཔལ་འབྱོར་ལ་རིམས་ནད་ཀྱི་རྡབ་རྡེག་དང་དཔལ་འབྱོར་ཉམས་པའི་དཀའ་ངལ་འཕྲད་ཀྱང་། མཉེན་ཤུགས་ཆེན་པོ་མངོན་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་13%འཕར་བ་དེ་རྒྱལ་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་9.4ཡིས་མཐོ་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་བསླེབས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་དུ་གཏོང་བའི་ཐད་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།