ཤིན་ཧྭ་གསར་འགྱུར་ཁང་ལ་དབང་ཆ་ཐོབ་ནས《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན》དང《ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན》ཡོངས་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཤིན་ཧྭ་གསར་འགྱུར་ཁང་ལ་དབང་ཆ་ཐོབ་ནས《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན》དང《ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན》ཆ་ཚང་ཡོངས་བསྒྲགས་བྱས་པ་རེད། ཟླ་3ཚེས་13ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་སྙན་སྒྲོན་དེ་གཉིས་སྐོར་གྱི་གྲོས་ཆོད་ལ་ཁག་སོ་སོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ་སྙན་སྒྲོན་དེ་གཉིས་ལ་ཆོག་མཆན་སྤྲད་པ་རེད།
《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན》ནང་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་གཙོ་བོར་ཕྱིར་དྲན་བྱས་པ་མ་ཟད། 2023ལོའི་ལས་དོན་ཐད་གྲོས་འགོ་བཏོན་པ་སྟེ། གཅིག་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྲིད་སྟོན་དུ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུར་སྐྱོད་དགོས་པ་དང་། གཉིས་ནས་འཕེལ་རྒྱས་དང་བདེ་འཇགས་དེ་བས་སྤྱི་འདོམས་ཡག་པོ་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་ལྟར་ཞབས་འདེགས་ཞུ་དགོས་པ། གསུམ་ནས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་ཆེད་ཁྲིམས་འཛིན་དང་ཁྲིམས་འཛིན་དྲང་གཞག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། བཞི་ནས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ནས་འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ། ལྔ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཁྲིམས་ཁང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱས་ཏེ་ཁྲིམས་ཁང་གི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།
《ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན》ནང་འདས་ཟིན་པའི་ལོ་ལྔའི་རིང་གི་ཞིབ་དཔྱོད་ལས་དོན་ལ་ཕྱིར་དྲན་བྱས་པ་མ་ཟད། 2023ལོའི་ལས་དོན་ཐད་གྲོས་འགོ་བཏོན་པ་སྟེ། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། གཉིས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། གསུམ་ནས་ཁྲིམས་སྐྱོང་སྟོབས་ཤུགས་གང་ལེགས་སྤྱད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་པ། བཞི་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་ནུས་པ་ཆེ་རུ་གཏོང་དགོས་པ། ལྔ་ནས་ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་པ། དྲུག་ནས་ལས་འགན་ལྕི་པོ་འཁུར་ཐུབ་པའི་ཞིབ་དཔྱོད་དཔུང་ཁག་སྐྲུན་དགོས་པ་བཅས་རེད།