སྡེ་ཚན་བདུན་གྱིས་རྒྱལ་ཡོངས་ཀྱི་ཞིང་སྤྱོད་དངོས་རྫས་རྫུན་མར་རྡུང་རྡེག་གཏོང་བའི་རེས་སྐོར་གསར་པའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་བཀོད་སྒྲིག་བྱས་པ།
ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས། ཀྲུང་ཧྭ་རྒྱལ་ཡོངས་འཛད་སྤྱོད་མཉམ་ལས་སྤྱི་ཁྱབ་ཁང་བཅས་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག་པེ་ཅིང་དུ་བརྙན་ལམ་ཚོགས་འདུ་འཚོགས་ནས་2023ལོའི་རྒྱལ་ཡོངས་ཀྱི་ཞིང་སྤྱོད་དངོས་རྫས་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུ་ནས་ཤེས་རྟོགས་བྱུང་གསལ། འདས་ཟིན་པའི་ལོ་གཅིག་རིང་། སྡེ་ཚན་ཁག་གིས་འགན་ནུས་ཀྱི་ངེས་གནས་ལ་གཞི་ཚུགས་ནས་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་རབ་དང་རིམ་པ་སྤེལ་བ་དང་། ཞིང་ལས་དངོས་རྫས་རྫུན་མར་རྡུང་རྡེག་གཏོང་བའི་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་པ། རྒྱུན་གཏན་གྱི་ལྟ་འདོམས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ། ཁྲིམས་སྒྱུར་གྱོད་སྒྲུབ་ནུས་ལྡན་བྱས་པ། ས་གནས་ཁག་གིས་བློ་བདེའི་ཞིང་ལས་དངོས་རྫས་ཤང་དང་གྲོང་ཚོར་སྐྱེལ་བའི་བྱེད་སྒོ་ཐེངས་ཁྲི་3ཙམ་སྒྲིག་འཛུགས་བྱས་ཡོད། རང་རྒྱལ་གྱི་ས་བོན་དང་། ཞིང་སྨན། ཕྱུགས་སྨན། གཟན་ཆག་བཅས་འཐེན་བཤེར་བྱས་པ་ཚད་གཞི་ལོན་ཚད་97%ཡན་ཟིན་པ་དང་། ཞིང་སྤྱོད་དངོས་རྫས་ཀྱི་སྤུས་ཚད་བརྟན་པོ་ཡོད་པ་དེས་འབྲུ་རིཌ་ཐོན་སྐྱེད་ལ་སླར་ཡང་ལོ་ལེགས་ཡོང་བ་དང་ཞིང་ལས་ཐོན་རྫས་བརྟན་པོའི་ངང་མཁོ་སྤྲོད་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཞིང་སྤྱོད་དངོས་རྫས་རྫུན་མར་རྡུང་རྡེག་གཏོང་བའི་འགན་འཁྲི་ལྕི་བ་དང་། ལས་འགན་ལྕི་བ། འབྲེལ་བ་རྒྱ་ཆེ་བ་བཅས་ལ་ངོས་འཛིན་གང་ལེགས་ཀྱིས་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་ཞིབ་བཤེར་ནན་པོ་བྱས་ནས། གནད་དོན་ཤེས་རྟོགས་ཐུབ་པའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་འགལ་ལ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་སྟེ་འདི་ལོའི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ཡག་པོ་བྱེད་དགོས། ས་བོན་དང་། ལུད། ཞིང་སྨན་བཅས་དཔྱིད་རྨོད་ཞིང་སྤྱོད་དངོས་རྫས་རིགས་3ལ་གཙོ་གནད་ཐོག་དམིགས་ཏེ་དཔྱིད་རྨོད་ཞིང་སྤྱོད་དངོས་རྫས་ཀྱི་སྤུས་ཚད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་དམ་འཛིན་བྱེད་དགོས། ཞིང་སྤྱོད་དངོས་རྫས་རྫུན་མར་རྡུང་རྡེག་གཏོང་བའི“དྲ་གཙང”བྱ་སྤྱོད་སྤེལ་ནས་ཞིང་སྤྱོད་དངོས་རྫས་ཀྱི་དྲ་ཐོག་ཚོང་དོན་དང་ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་དགོས། ཞིང་པ་ཚོས་ཞིང་སྤྱོད་དངོས་རྫས་རྫུན་མ་ངོས་འཛིན་དང་དབྱེ་བ་འབྱེད་པའི་དྲིལ་བསྒྲགས་སློབ་གསོར་མུ་མཐུད་ཤུགས་སྣོན་བརྒྱབ་ནས། བློ་བདེའི་ཞིང་སྤྱོད་དངོས་རྫས་ཤང་དང་གྲོང་ཚོར་སྐྱེལ་བར་སྐུལ་འདེད་བཏང་སྟེ་ཞུ་གཏུག་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁག་དོན་འཁྱོལ་ཞིབ་ཕྲ་དང་ཏན་ཏིག་ཡོང་བ་བྱེད་དགོས།