ཁྱིམ་ཚང་ཞིག་གི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱས་པ།
ཟངས་རི་རྫོང་འབོད་ཐོས་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་དུད་ཚང་དུ་གྲལ་བཤེར་བྱེད་སྐབས། ཁྱིམ་ཚང་ཞིག་གི་འགལ་ཟླ་དང་རྩོད་གཞི་བདེ་བླག་ངང་ཐག་བཅད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འབོད་ཐོས་ཤང་ཤར་ཅན་གྲོང་ཚོའི་ཡུལ་མི་ཉི་ཆེ་གེ་མོ་དང་གྱོས་ཕོའི་དབར་ཁྱིམ་ཚང་གི་ཙག་ཙིག་དོན་དུ་རྩོད་གླེང་དྲག་པོ་བྱུང་སྟེ་ཕྱོགས་གཉིས་དབར་ང་རྒྱལ་ཆེན་པོ་ལངས་ནས་ཕན་ཚུན་བཟོད་སྒོམ་བྱེད་ཀྱི་མེད་པ་རེད། མི་དམངས་ཉེན་རྟོག་པས་ཉི་ཆེ་གེ་མོ་ནི་སྐད་ཆ་ཉུང་བ་དང་གྱོས་ཕོ་ནི་ང་རྒྱལ་ཅན་ཞིག་ཡིན་པས། རྟག་ཏུ་རྩོད་པ་ཤོར་གྱི་ཡོད་པ་ཉེ་འཁོར་གྱི་མང་ཚོགས་ས་ནས་ཤེས་རྟོགས་བྱུང་ཞིང་། གནས་ཚུལ་དེར་བརྟེན་ནས་མི་དམངས་ཉེན་རྟོག་པས་བཅའ་ཁྲིམས་ཁྱབ་གདལ་སློབ་གསོ་དང་། སེམས་ཁམས་སློབ་གསོ་སོགས་ཐད་ནས་ཁོང་གཉིས་པོར་འདུམ་འགྲིག་ལས་དོན་སྤེལ་བ་དང་། དེ་ནས་ཤང་སྲིད་གཞུང་དང་གྲོང་ཚོ“ཨུ་ལྷན་གཉིས”ལ་འབྲེལ་བ་བྱས་པ་མ་ཟད། ཤང་དང་གྲོང་རྡལ་གྱི་ཉེ་འཁོར་དུ་ཡོད་པའི་ཉི་ཆེ་གེ་མོའི་གཉེན་ཉེའི་ཁྱིམ་དང་གྱོས་ཕོ་བཀྲ་ཆེ་གེ་མོའི་ཁྱིམ་དུ་འདུམ་འགྲིག་བྱས་ཤིང་། འདུམ་འགྲིག་བྱེད་རིང་། བརྩེ་བ་ཟབ་མོ་བཅངས་ནས་སེམས་འགུལ་ཐེབས་ཐབས་དང་། རྒྱུ་མཚན་དྲངས་ནས་བློ་མགུ་ཐབས་མཐའ་འཁྱོངས་བྱས་མཐར། ཕྱོགས་གཉིས་པོ་ལག་པ་བཏང་ནས་འཆམ་མཐུན་བྱུང་ཡོད།
“ཚང་མས་སྡུག་སྐད་མེད་པར་ང་ཚོའི་འཚོ་བའི་ཁྲོད་ཀྱི་གནད་དོན་རྫོགས་རྒྱུ་མེད་པར་ཉན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཀྲ་ཆེ་གེ་མོས་རང་ཉིད་ཀྱི་བྱེད་སྤྱོད་ལ་འགྱོད་སེམས་སྐྱེས་ནས་དེ་ལྟར་བཤད་པ་དང་། ཁོང་གིས“འདུམ་འགྲིག་བྱས་པ་བརྒྱུད། ངས་གནད་དོན་འདི་སེམས་ལ་འཇོག་གི་མིན་ལ། དེའི་ཁྲོད་ནས་བཅའ་ཁྲིམས་དང་སེམས་ཁམས་ཀྱི་ཤེས་བྱའང་མང་པོ་ཤེས་ནས་བློ་སྐྱེད་ཆེན་པོའང་བྱུང”ཞེས་བཤད།
མང་ཚོགས་ཀྱི་ཁེ་ཕན་དོན་ཆུང་མིན། འབོད་ཐོས་ཤང་མངགས་གཏོང་ཁང་གིས་མང་ཚོགས་ཀྱི་འདུན་པ་དང་རེ་བ་འགྲུབ་རྒྱུར་མུ་མཐུད་དམིགས་ནས། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། དཀའ་ངལ་ཐུག་སར་དཀའ་ངལ་ཐག་གཅོད་བཅས་བྱས་ནས་གཞི་རིམ་གྱི་དུས་བདེའི་ལས་དོན་ཧུར་ཐག་བསྒྲུབ་རྒྱུར་ལེགས་སྐྱེས་འབུལ་བཞིན་ཡོད་པ་རེད།